ཕར་ནེན་ཌེ་སི་རྒྱ་གར་གྲོས་ཚོཌ་ནང་འཛུལ་ཞུཌ་ལ་འཚམས་འདྲི།

སྤྱི་འཐུས་ལྷན་ཁང་ནས་སྐུ་ཞབས་ཇོར་ཇེ་ཕར་ནེན་ཌེ་སི་མཆོག་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་འཛུལ་ཞུགས་གནང་བར་འཚམས་འདྲི།

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྐུ་ཞབས་ཇོར་ཇེ་ཕར་ནེན་ཌེ་སི་མཆོག་ཆེས་མཐོའི་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་འཛུལ་ཞུགས་གནང་བར་འཚམས་འདྲི་ཞུས་གནང་ཡོད་པ་རེད།

དེ་ཡང་དུས་ཡུན་རིང་པོའི་རིང་བོད་ཀྱི་གྲོགས་པོ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཇོར་ཇེ་ཕར་ནེན་ཌེ་སི་མཆོག་འདི་ལོའི་ཕྱི་ཟླ་བརྒྱད་པ་ནས་བཟུང་ཆེས་མཐོའི་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུངས་འདུག ཡང་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཁྱེད་རང་རྒྱ་གར་གྱི་ཆེས་མཐོའི་གྲོས་ཚོགས་གོང་མའི་ནང་ཕེབས་ནས་མུ་མཐུད་འཛམ་གླིང་རྒྱ་ཁྱབ་ཏུ་རང་དབང་དང་མང་གཙོ།འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཡིད་ཆེས་གནང་མཁན་གྱི་མི་མང་རྣམས་ལ་སེམས་ཤུགས་སྤར་རྒྱུ་དང་རེ་བ་གོང་མཐོར་གཏོང་རྒྱུ་ཡིན་པ་རེད། ང་ཚོའི་སྨོན་ལམ་དང་འཚམས་འདྲི་རྟག་ཏུ་ཡོད་ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནས་མུ་མཐུད་གསུངས་ཡོད་པ་རེད། སྐུ་ཞབས་ཇོར་ཇེ་ཕར་ནེན་ཌེ་སི་མཆོག་དང་ཁོང་གི་ཕྱག་རོགས་ཇ་ཡ་ཇེཏ་ལི་རྣམ་གཉིས་འདི་ལོ་ཕྱི་ཟླ་དྲུག་པའི་ནང་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཡོད་པ་དང་སྐབས་དེ་དུས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཁག་དང་དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་ཁག་དང་མཇལ་འཕྲད་གནང་ཡོད་པའི་ཐོག་བཙན་བྱོལ་ནང་གི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ལའང་འཚམས་འདྲིར་ཆེད་ཕེབས་གནང་ཡོད་པ་རེད། དེ་དང་དུས་མཚུངས་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དུ་སྐུ་གཟུགས་འཕྲོད་བསྟེན་བརྟག་དཔྱད་གནང་བ་སོགས་སྐུ་ཞབས་ཇོར་ཇེ་ཕར་ནེན་ཌེ་སི་མཆོག་ནི་རྒྱུན་དུ་ནས་བོད་མི་དང་བོད་དོན་གྱི་ཐོག་རྒྱབ་སྐྱོར་དང་ཡིད་ཆེས་གནང་མཁན་རྒྱ་གར་གྱི་གལ་ཆེའི་མི་སྣ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org