བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་རྒྱུར་མང་མོས་མེད་པ།
༸གོང་ས་མཆོག་གི་བཀའ་དགོངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་ཡོང་བཟོ་མེད་པ་རེད།
-
2011-03-16 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་འགན་འཁྱེར་དགོས་པའི་གསུང་འཕྲིན་གྲོས་ཚོགས་སུ་ཕེབས་པར་གྲོས་ཚོགས་འཐུས་མི་ཕལ་མོ་ཆེས་༸གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ལས་གནད་དོན་དེའི་ཐད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་བྱ་རྒྱུར་གྲོས་ཚོགས་འཐུས་མི་རྩ་འབོར་གྱི་བཞི་ཆ་གསུམ་གྱིས་རྒྱབ་སྐྱོར་དགོས་ཤིང༌། དེ་ལྟར་ཡོང་ཐབས་མེད་པས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་ཐོག་༸གོང་ས་མཆོག་གི་བཀའ་དགོངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་ཡོང་བཟོ་མེད་པ་རེད། ༸གོང་ས་མཆོག་གིས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ཆབ་སྲིད་འགན་ཁུར་ལེན་དགོས་པའི་བཀའ་སློབ་དེ་སྔ་ལན་གཅིག་མིན་པར་ལན་མང་ཕེབས་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གི་གསུང་འཕྲིན་ནང༌། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་པའི་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་༸རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱི་མཐུན་འགྱུར་བྱེད་ཐུབ་ཅེས་༸གོང་ས་མཆོག་གི་གསུང་འཕྲིན་ཕེབས་འདུག།