ཆབ་སྲིད་ཚོགས་པ་ཁག་༡༢གྱི་འཐུས་མི་དང་མཇལ་མོལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ནས། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་དུ་བོད་དོན་ཞུ་སྐུལ་གྱི་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

༄༅།    །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག སྤྱི་འཐུས་ལྷན་ཚོགས་ཀྱི་འཆར་འགོད་སྐུ་ཚབ་རྣམས་ནས་བོད་ཀྱི་གནས་སྟངས་ཐད་རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་བསྐྲུན་ཐབས་སུ་རྒྱ་གར་རྒྱལ་ཡོངས་ནང་།    བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར།    དེ་རིང་ཚེས་༢༤ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁ་ས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་བཅས་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་བཅུ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལྷན་དུ་མཇལ་འཕྲད་གནང་འདུག  རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམས་ནས།  བོད་ཀྱི་གནད་དོན་ལ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་མ་ཟད། བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་ཁུར་གསལ་འདོན་ཡོང་བའི་འབོད་སྐུལ་དང་།  དེ་བཞིན་རིང་མིན་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུ་རྒྱུའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་འཛོམས་ཆེན་མོའི་སྐབས། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་བཀའ་སློབ་གསུང་བཤད་གནང་སྐྱོང་ཡོང་བའི་མགྲོན་བརྡ་ཕུལ་ཡོད་འདུག  ད་རེས་སྤྱི་འཐུས་རྣམ་པའི་མཇལ་འཕྲད་ཞུ་ཡུལ་རྒྱ་གར་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་ཡང་གནང་བཞག  བོད་མི་མང་སྤྱི་འཐུས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཐུན་མོང་ནས་ཟླ་བ་འདིའི་ཚེས་༣༠ནས་ཕྱི་ཟླ་༢ཚེས་༢བར་རྒྱལ་ས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གོ་སྒྲིག་ཞུ་ཡི་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org