ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ལོ་ངོ་ཧྲིལ་བོ་གསུམ་བཅུ་འཁོར་བར་མཆོད་འབུལ།

རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ལོ་ངོ་ཧྲིལ་བོ་གསུམ་བཅུ་འཁོར་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་བསྔོ་སྨོན་གནང་འདུག

ལྷ་སར་རྒྱ་ནག་གི་དམག་གིས་རུ་སྒྲིག་དཔུང་ངོམ། ༡༩༨༩།༡༢།༡༠ AFP

རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ལོ་ངོ་ཧྲིལ་བོ་གསུམ་བཅུ་འཁོར་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་བསྔོ་སྨོན་གནང་འདུག
དེ་ཡང་སྤྱི་ལོ་༡༩༨༩ལོའི་ཟླ་བ་༣པའི་ཚེས་༥ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་ལ་ཞི་བའི་གྱེན་ལངས་དང་ངོ་རྒོལ་རིམ་ཅན་དུ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་བོད་མི་ཞི་རྒོལ་བ་སེར་སྐྱ་ཕོ་མོ་མང་པོ་ཅིག་རྐྱེན་ལམ་དུ་སོང་བ་དང་། བོད་མི་མང་པོ་བཙོན་འཇུག་དང་རྨས་སྐྱོན་ཚབ་ཆེན་ཕོག་པ་སོགས་ཀྱི་ཆེད་བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ལོ་ལྟར་མཆོད་འབུལ་གནང་སྲོལ་ཡོད་པ་བཞིན། ད་ལན་ཡང་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་ནས་ལོ་༣༠འཁོར་སྐབས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༣པའི་ཚེས་༨ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་ངག་དབང་སྟོབས་རྒྱལ་དབུ་བཞུགས་ཀྱིས། བཀའ་བློན་རྣམ་པ་དང་གཞུང་ཞབས་ཆེ་ཕྲ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་གནང་སོང་།
ཆོས་རིག་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ཀྱིས། མཆོད་འབུལ་སྨོན་ལམ་ཞུ་དོན་གྱི་རྒྱུ་མཚན་གཙོ་བོ་ནི། སྤྱི་ལོ་༡༩༨༩སྤྱི་ཟླ་༣པའི་ཚེས་༥ནས་༦་དང་༧བཅས་ཉི་མ་གསུམ་རིང་། བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་སྐབས། རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ། དཔའ་བོ་དཔའ་མོ་མང་པོ་འདས་གྲོངས་སུ་སོང་བར་དྲན་རྟེན་གྱི་ཆེད་དུ། མཆོད་འབུལ་སྨོན་ལམ་དང་། ད་དུང་ཡང་མུ་མཐུད་རྒྱ་ནག་གི་བཙོན་ཁང་དུ་མང་པོ་ཅིག་གིས་སྡུག་བསྔལ་མྱོང་བཞིན་པ་ཚོ་མྱུར་དུ་བཙོན་གྲོལ་ཐོབ་པར་བསྔོ་སྨོན་གནང་གི་ཡོད་པ་གསུངས་ཀྱི་འདུག
གཞན་ཡང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྤྱི་ལོ་༡༩༨༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས། རྒྱ་ནག་གིས་བོད་མིའི་རང་དབང་སོགས་མང་པོ་ལ་གདུག་རྩུབ་གནང་བར། ཞི་བའི་སྒེར་ལངས་ཀྱི་དམིགས་བསལ་ཉིན་མོ་ཞིག་ཆགས་བསྡད་ཡོད་པ་དང་། དེ་ནས་བཟུང་སྟེ་ལོ་ལྟར་གསུམ་བརྒྱད་མཆོད་འབུལ་ཅེས་གཞུང་འབྲེལ་གྱིས་འཚོགས་དང་འཚོག་བཞིན་པ་རེད་ཅེས་ངོ་སྤྲོད་གནང་གི་འདུག
བོད་ནང་སྤྱི་ལོ་༡༩༨༧ལོ་ནས་བཟུང་བོད་ཀྱི་མི་རབས་གསར་པ་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱུང་སྟེ། རིམ་པས་སྤྱི་ལོ་༡༩༨༩ལོར་ཡར་ལངས་ཤུགས་ཆེ་བྱུང་རྐྱེན་གྱིས། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཐོག་དྲག་གནོན་ཚབ་ཆེ་དང་། དྲག་པོའི་ཁྲིམས་གཞི་བསྡམས་ཏེ་བོད་མི་གསད་རྨས་དང་བཙོན་འཇུག་གི་གནས་ཚུལ་ཚབ་ཆེ་བྱུང་བར་བརྟེན། རྒྱ་གར་དུ་དེ་ལ་ལོ་རྟག་པར་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་བསྔོ་སྨོན་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org