བོད་ལ་རང་དབང་འབྱུང་ངེས་ཞེས་པའི་ཁྲེད་དར་བཀལ་བ།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་གཞུང་འབྲེལ་འཚམས་གཟིགས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་ངོ་རྒོལ།
-
2012-02-14 -
-
-
༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ཇིང་པིང་ ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་སྔ་ནུབ་ཏེ་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཉེན་རྟོག་པས་བོད་རང་དབང་ཆེད་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་ཟམ་ཆེན་ཞིག་གི་ཐོག་ ཤི་ཇིང་པིང༌། བོད་ལ་རང་དབང་འབྱུང་ངེས་། ཞེས་འཁོད་པའི་ཁྲེད་དར་བཞེངས་ལ་ཕི་ཊི་ ༢༢ དང་ མཐོ་ཚད་ ཕི་ཊི་ ༥༢ ཅན་ཞིག་སྒྲོགས་མཁན་གྱི་ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་ཤིང༌། དུས་ཡུན་གང་མཚམས་ཞིག་གི་རྗེས་ཁོང་ཚོར་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཏེ་གློད་གྲོལ་བཏང་ཡོད་པ་རེད།
ཨ་མི་རི་ཀའི་དཔུང་དམག་འདས་གྲོངས་སུ་ཕྱིན་པའི་ཚོའི་དྲན་རྟེན་དུ་མིང་བཏགས་པའི་ Arlington Memorial Bridge ཞེས་པའི་ཟམ་ཆེན་དེིའི་ཐོག་ཁྲེད་དར་སྒྲོགས་མཁན་མི་བཞི་ཡོད་པའི་ཁོངས་ནས་ ལྦ་ཤིང་ཊོན་ཁུལ་དུ་བཅའ་ཞུགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་པ་བསྟན་འཛིན་འཇིགས་མེད་ལགས་ཀྱང་ཡོད་ཅིང༌། ཁོང་གིས་ ང་ཚོས་ལས་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ རྒྱ་ནག་གི་སྲིད་འཛིན་གཞོིན་པ་ ཤི་ཇིང་པིང་ལ་ལན་བརྡ་ཞིག་སྤྲོད་ཐབས་དང་ བོད་ནང་གི་བོད་མི་ཚོར་ང་ཚོ་ཁོང་རྣམས་ལ་རྟག་ཏུ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་མཚོན་ཐབས་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག་ཅིང༌། ད་དུང་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ ཤི་ཇིང་པིང་དང་རྒྱ་ནག་གཞུང་ལ་ ཞི་བདེར་གནས་པའི་བོད་མི་ཚོའི་ཐོག་མུ་འཐུད་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས་རྒྱུའི་དགོས་འདུན་འདོན་རྒྱུ་ཡིན་ཞེས་གསུངས་འདུག།
འདས་པའི་ཉིན་གྲངས་འགའ་ཤས་རིང་ ཨ་མི་རི་ཀར་གནས་པའི་བོད་མི་ཚོས་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་ཁུལ་དུ་བོད་དོན་ཐད་གོ་རྟོག་སྤེལ་ཐབས་དང་ ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་གཙོས་ ཨ་མི་རི་ཀའི་དཔོན་རིགས་ཚོས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ཇིང་པིང་དང་མཇལ་འཕྲད་སྐབས་ བོད་དོན་སྐོར་ངེས་པར་གླེང་སློང་དགོས་རྒྱུ་ཙམ་མ་ཟད་ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་ཚུལ་མཚམས་འཇོག་ཡོང་ཐབས་བསྐུལ་མ་གནང་དགོས་རྒྱུ་སོགས་ཀྱི་ཆེད་དམིགས་ཏེ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད།