པཎྡིཏ་ཆེན་པོ་རཱ་ཧུལ་ལགས་ཀྱིས་བོད་ནས་བསྣམས་ཕེབས་པའི་ནང་པའི་གསུང་རབ་༣༠ ཙམ་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་འདུག
ད་རེས་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་པའི་གསུང་རབ་གཙོ་བོ་ཁག་ནི་ལས་རྣམ་པར་འབྱེད་པའི་མདོ་དང་། སྤྱོད་པའི་གླུའི་་འགྲེལ་པ། སྙིང་པོ་ངེས་པར་བསྡུ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྱུབ་ཐབས་ཡི་གེར་བསྡུས་པ། དེ་བཞིན་རིགས་སྨོན་ལམ་ཞེས་བྱ་བ་སོགས་ཡིན་འདུག
- 2023-05-15
-
-
-
དུས་རབས་ཉི་ཤུ་པའི་ལོ་རབས་གསུམ་བཅུའི་ནང་རྒྱ་གར་གྱི་པཎྡིཏ་ཆེན་པོ་རཱ་ཧུལ་སང་ཀར་ཏེ་ཡང་ན། RahulSankrityayanལགས་ནི་བོད་ནང་ཤིང་ཏ་ལའི་ལོ་མའི་སྟེང་ལེགས་སྦྱར་དང་བོད་ཡིག་ཐོག་བྲིས་པའི་ནང་པའི་གསུང་རབ་རྣམས་འཚོལ་སྒྲུབ་ཆེད་སྐོར་ཞིབ་ཐེངས་འགའ་ཕེབས་ཏེ། ཁོང་གིས། དེ་སྔར་ནཱ་ལེན་དྲའི་མཁས་པ་རྣམ་གྱིས་བརྩམས་པའི་བོད་སྒྱུར་ཟིན་པའི་ནང་པའི་གསུང་རབ་ཧ་ལམ་རྟ་དོ་བོ་༣༥ ཙམ་ཞིག་བོད་ནས་རྒྱ་གར་ལ་འོར་འདྲེན་བྱས་ཡོད་པ་དེ་དག་ལས་གཞུང་༣༠་ཙམ་ཞིག་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་ཡོད་པ་སློབ་གཉེར་ཁང་དེ་ཉིད་ཀྱི་རིགས་བདག་ལས་ཚབ་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
པཎྡིཏ་ཆེན་པོ་སྐུ་ཞབས་རཱ་ཧུལ་Rahul Sankrityayan ལགས་ཀྱིས་བོད་བསྣམས་ཕེབས་པའི་ནང་པའི་གསུང་རབ་དེ་དག་ད་ལྟའི་ཆར་རྒྱ་གར་བྷི་ཧར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་པཏ་ན་འགྲེམ་སྟོན་ཁང་Patna Museum ནང་ཉར་ཚགས་བྱས་ཡོད་པ་དང་། རིང་མིན་མངའ་སྡ་དེ་ཉིད་ཀྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Nitesh Kumar མཆོག་གིས་བོད་ཡིག་ནས་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་པའི་ནང་པའི་གསུང་རབ་དེ་དག་གི་གླེང་བརྗོད་རྩོམ་འབྲི་གནང་བའི་རྗེས། མང་ཚོགས་ལ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་སློབ་དཔོན་འབུམ་རམས་པ་རབ་གླིང་བློ་བཟང་རྡོ་རྗེ་ལགས་ནི་གསུང་རབ་ཕབ་སྒྱུར་ལས་གཞི་དེའི་ནང་ཐུགས་འགན་གཙོ་བོ་བཞེས་མཁན་གྲས་ཤིག་ཡིན་འདུག ད་རེས་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་པའི་གསུང་རབ་གཙོ་བོ་ཁག་ནི་ལས་རྣམ་པར་འབྱེད་པའི་མདོ་དང་། སྤྱོད་པའི་གླུའི་་འགྲེལ་པ། སྙིང་པོ་ངེས་པར་བསྡུ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྱུབ་ཐབས་ཡི་གེར་བསྡུས་པ། དེ་བཞིན་རིགས་སྨོན་ལམ་ཞེས་བྱ་བ་སོགས་ཡིན་འདུག
ལས་གཞི་དེ་ནི་སྤྱི་ལོ་༢༠༡༩ ལོར་བྷི་ཧར་མངའ་སྡེ་གཞུང་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེའི་མ་དངུལ་ཧིན་སྒོར་བྱེ་བ་༡་དང་ས་ཡ་༩་དང་འབུམ་བཞི་ཡིན་ནའང་། ད་ལྟའི་ཆར་མངའ་སྡེའི་གཞུང་གིས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་ཧིན་སྒོར་ས་ཡ་༡ དང་འབུམ་ལྔ་དང་སྟོང་ཕྲག་༥༠ སྤྲད་ཟིན་འདུག་པ་མ་ཟད། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས། མ་དངུལ་ལས་ཧིན་སྒོར་ས་ཡ་གཉིས་དང་ཕྱེད་ཀ་དགོས་གལ་ཆེ་བའི་སྐོར་འབོད་སྐུལ་ཞུས་ཡོད་པ་དེར་རེ་སྒུག་བྱེད་ནས་བསྡད་ཡོད་འདུག
པཎྡིཏ་ཆེན་པོ་རཱ་ཧུལ་སང་ཀར་ཏེ་ཡངྣ་Rahul Sankrityayan ལགས་བོད་ཀྱི་རྒྱལ་ལྷ་སར་ཕེབས་འབྱོར་བྱུང་སྐབས། མཁས་དབང་དགེ་འདུན་ཆོས་འཕེལ་དང་དངོས་སུ་མཇལ་ཏེ། ཁོང་གཉིས་ས་སྐྱ་དང་། ར་སྒྲེང་། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་ནང་ཕེབས་ཞོར་དུ་མཚམས་རེར་ཁོང་རྣམ་གཉིས་ཀྱིས། གནའ་བོའི་ལོ་རྒྱུས་དང་། སེམས་ཁམས་རིག་པའི་སྐོར་ལ་བགྲོ་གླེང་ཡང་བྱེད་ཀྱི་ཡོད་འདུག
ཉེ་བའི་སློབ་དཔོན་འབུམ་རམས་པ་རབ་གླིང་བློ་བཟང་རྡོ་རྗེ་ལགས་ཀྱིས། པཎྡིཏ་ཆེན་པོ་སྐུ་ཞབས་རཱ་ཧུལ་ནི། ༡༩༢༩ ནས་༡༩༣༨ བར་བོད་ལ་ཐེངས་བཞི་ཕེབས་ཡོད་པ་དང་། པཎྡིཏ་ཁོང་གིས་བོད་ནས་རྒྱ་གར་ལ་བསྣམས་ཕེབས་པའི་ནང་པའི་གསུང་རབ་མང་ཆེ་བ་ལ་བོད་པའི་སྲོལ་རྒྱུན་གྱི་ཕྱག་དཔེ་ཉར་ཚགས་དང་འབྲེལ་བའི་སྒྱུ་རྩལ་ལྡན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་པཎྡིཏ་ཆེན་པོ་སྐུ་ཞབས་རཱ་ཧུལ་སང་ཀར་ཏེ་ཡངྣ་Rahul Sankrityayan ལགས་ཀྱིས་བོད་ནས་རྒྱ་གར་ལ་འོར་འདྲེན་བྱས་པའི་ནང་པའི་གསུང་རབ་དེ་དག་ནི་དེ་སྔོན་དུས་རབས་༧ པ་ནས་༡༡ བར་བོད་དང་དཔལ་ནཱ་ལེན་འདྲའི་མཁས་པ་ཚོས་བོད་ཡིག་ནང་བསྒྱུར་ཏེ་རྒྱ་གར་ནས་བོད་ལ་བསྣམས་ཕེབས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།