ཡུལ་ཤུལ་སྐྱེ་རྒུ་མདོ་ནས་བོད་མི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། རང་ལུས་མེར་བསྲེགས་བཏང་གནང་མཁན་གྱི་བོད་མི་ཁོང་ཤེས་ཡོན་ཅན་ཞིག་ཡིན་སྐོར་བརྗོད་བཞིན་འདུག།
- 2022-03-31
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༣ཕྱི་ཚེས་༣༠ཉིན། བོད་ནང་གི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་སྐྱེ་དགུ་མདོ་ཁུལ་ཨ་ཁྲོ་ཡུལ་ཚོ་ནས་ཡིན་པའི་སྐྱེས་པ་ཞིག་གིས། སྐྱེ་རྒུ་མདོའི་དགོན་པ་ཞིག་གི་མདུན་ཐད་ཀྱི་ཀྲུའུ་(ཁུལ་)ཉེན་རྟོག་ཁང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་འདུག འོན་ཀྱང་འདས་གྲོངས་སུ་ཕྱིན་མེད་པ་ས་གནས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
གནས་ཚུལ་མཁོ་སྤྲོད་པ་དེས་རང་ལུས་མེར་བསྲེགས་བཏང་མཁན་བོད་མི་དེའི་མིང་ལ་ཚེ་རིང་བསམ་འགྲུབ་བམ། ཡང་ན་ཚེ་རིང་ཆེ་གེ་མོ་ཞིག་རེད་ཟེར་བ་ལས་གནས་ཚུལ་གསལ་པོ་རྟོགས་ཐུབ་ཀྱི་མེད་པ་བརྗོད་བྱུང་ལ། བོད་མི་དེས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གསལ་ཁ་མེད་པ་བརྗོད་བྱུང་།
ཡིན་ན་ཡང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མི་དེ་ཤེས་ཡོན་ཅན་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། རང་ལུས་མེར་བསྲེགས་བཏང་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ། མི་སུ་གཅིག་དང་ཡང་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད་འདུག དེ་བཞིན་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་ཐད་དམ་དྲག་བྱེད་ཀྱི་ཡོད་འདུག་ན་ཡང་། སྐྱེ་རྒུ་མདོ་ཁུལ་དུ་ད་དུང་དམིགས་བསལ་དམ་དྲག་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
སྐྱེ་རྒུ་མདོ་ནས་རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་སྐོར་ལ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་གནས་ཚུལ་ཞིག་སྤེལ་འདུག་པ་དེའི་ནང་། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ཕྱི་ཟླ་༣ཚེས་༣༠ བོད་ནང་གི་ཉིན་རྒྱབ་ཚོུད་༤པ་ཙམ་ལ་ཡིནསྐོར་བཀོད་འདུག
ཐེངས་འདིར་ཡུལ་ཤུལ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདི་ནི། ཉེ་སྔོན་ཕྱི་ཟླ་༢ཚེས་༢༥ཉིན་བོད་ནང་གི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་གཅིག་ཙམ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
འདིའི་གོང་ཕྱི་ལོ་༢༠༡༢ ལོ་ནས་བཟུང་ཡུ་ཤུལ་ཁུལ་ནས་ཁྱོན་བོད་མི་དྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ད་རེས་ཕྱི་ཟླ་༣ཚེས་༣༠ ཉིན་གྱི་དོན་རྐྱེན་འདི་ནི་རང་ལུས་མེར་བསྲེགས་བཏང་ཐེངས་བདུན་པ་དེ་ཡིན་པ་རེད།
ཕྱི་ལོ་༢༠༠༩་ལོའི་ཟླ་༢་བ་ནས་ད་བར་བོད་ནང་དུ་བོད་མི་སྐྱ་སེར་༡༥༩ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།