ཨ་རིའི་ནང་གནས་ཤུགས་བོད་མི་དགེ་འདུན་པ་ཞིག་ལ་ཆེ་བསྟོད།
ཨ་རིའི་ནང་ཞུགས་མཁན་བོད་པའི་དགེ་འདུན་པ་ཞིག་ལ་ཆེ་བསྟོད་ཀྱི་བྱ་དགའ་ཞིག་འབུལ་བཞེས་གནང་གཏན་འཁེལ་ཡོད་འདུག
-
2009-05-07 -
-
-
༄༅༎ཨ་རིའི་ནང་ཞུགས་མཁན་བོད་པའི་དགེ་འདུན་པ་ཞིག་ལ་ཆེ་བསྟོད་ཀྱི་བྱ་དགའ་ཞིག་འབུལ་བཞེས་གནང་གཏན་འཁེལ་ཡོད་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཚོགས་པས་འདི་ཚེས་དགུ་ཉིན་ཨེ་ལི་སི་ཨའེ་ལེནདྲ་ཆེ་བསྟོད་ཀྱི་བྱ་དགའ་དེ་བཞིན་གྲོང་ཁྱེར་ནིའུ་ཡོག་ཁུལ་ཞུགས་མཁན་བླ་མ་པད་མ་དབང་གྲགས་ལགས་སུ་འབུལ་རྒྱུ་ཡིན་འདུག
ཁོང་ལ་བྱ་དགའ་འདི་བཞིན་ཕུལ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་བར་ལྟར་ན་ཁོང་གིས་སོ་སོའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བའི་ཐོག་གྲོང་ཁྱེར་ནིའུ་ཡོག་གི་སྤྱི་ཚོགས་ལའང་ཞི་བདེ་དང་བཟོད་བསྲན་གྱི་ལམ་སྟོན་གནང་བའི་མཛད་རྗེས་ལ་ཕུལ་བ་ཡིན་ཞེས་བཀོད་ཡོད་པ་རེད།
ད་བར་གོང་ཞུས་བྱ་དགའ་དེ་བཞིན་ཨ་རིའི་ཁྲིམས་ཞིབ་ཆེན་མོ་བ་དང་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན།ཨ་རིའི་སྲིད་འཛིན་དྲུག་བཅས་ལ་ཕུལ་མྱོང་ཡོད་པ་དང་བྱ་དགའ་འདི་བཞིན་ཨ་རིའི་གྲོས་ཚོགས་ནས་ཆེ་ཐོངས་ཆེན་པོ་གནང་ས་ཞིག་ཀྱང་ཡིན་འདུག
བླ་མ་པད་མ་དབང་གྲགས་ལགས་ནི་གྲོང་ཁྱེར་ནིའུ་ཡོག་ཏུ་ས་སྐྱའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་ནང་ཆོས་སློབ་སྤེལ་གནང་གི་ཡོད་པ་མ་ཟད་ཁོང་གིས་ད་བར་བལ་ཡུལ་ནང་ཉམ་ཐག་ཚོར་སློབ་གྲྭ་ཞིག་ཀྱང་ཆེད་བཙུགས་གནང་ཡོད་པ་རེད། ཁོང་འཁྲུངས་ཡུལ་སྟོད་སྤུ་ཧྲེང་ཡིན་པ་དང་ལྦ་ར་ན་སི་གཙུག་ལག་སློབ་གཉེར་ཁང་ནས་ཐོན་གནང་བ་ཞིག་ཡིན་འདུག།