བོད་ཨ་མདོ་ཁུལ་གྱི་བོད་མི་རྩོམ་པ་པོ་ཞིག་འཛིན་བཟུང༌།

བོད་པའི་རྩོམ་བྲིས་པ་ཞིག་གིས་རྒྱ་ནག་གཞུང་ནས་སྐྱེ་རྒུ་མདོའི་ས་ཡོམ་རོགས་སྐྱོར་བྱེད་ཕྱོགས་ཐོག་སྐྱོན་བརྫོད་གནང་བར་ཁོང་འཛིན་བཟུང་།

༄༅༎བོད་མདོ་སྨད་ཨ་མདོ་ཁུལ་གྱི་རྩོམ་བྲིས་པ་ཞིག་གིས་རྒྱ་ནག་གཞུང་ནས་སྐྱེ་རྒུ་མདོའི་ས་ཡོམ་རོགས་སྐྱོར་བྱེད་ཕྱོགས་ཐོག་སྐྱོན་བརྫོད་གནང་བར་ཁོང་འཛིན་བཟུང་དོ་དམ་བྱས་པ་ཁོང་གི་མཛའ་གྲོགས་ཤིག་གིས་གསུང་ཡོད་པ་རེད་

སྙུག་མིང་ལ་ཞོགས་དུངས་དང་མིང་ངོར་བཀྲ་རྒྱལ་ལགས་ཀྱིས་ཁ་ཉིན་ཕྱི་ཚེས་༡༧ཉིན་ཁོང་དང་བོད་མི་རྩོམ་བྲིས་པ་གཞན་༨ཡིས་ཉེ་ཆར་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་མི་རྣམས་ལ་ཐུགས་གསོ་དང་རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐོག་རོགས་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་ཐོག་དོགས་ཟོན་བྱེད་དགོས་པའི་སྐོར་བྲིས་གནང་ཡོད་པ་རེད་ བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་བསྐོར་སྲུང་བ་མི་གྲངས་༦སྐོར་ཞིག་གིས་ཁོང་ལས་ཀ་བྱེད་ས་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་འཁྲིད་པ་ཁོང་གི་མཛའ་གྲོགས་ཤིག་གིས་གནས་འཕྲིན་དྲ་རྒྱའི་ནང་གནས་ཚུལ་བཀོད་ཡོད་པ་རེད་

དེ་མ་ཟད་རྒྱ་ནག་གི་བསྐོར་སྲུང་བས་ཁོང་གི་ཁྱིམ་ཚང་དང་དཔེ་མཛོད་ཁང་བསྔོག་བཤེར་བྱས་པ་མ་ཟད་གློག་བརྡུལ་འཕྲུལ་འཁོར་དེ་ཡང་བཙན་འཕྲོག་བྱས་ཡོད་པ་རེད་ ཡང་གོང་ཞུས་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན་བསྐོར་སྲུང་བས་ཁོང་འཛིན་བཟུང་བྱེད་རྒྱུའི་ཁྲིམས་ཡིག་དེ་ཁོང་གི་བཟའ་ཟླར་སྟོན་ཡོད་པ་དང་ཁོང་ལ་མལ་ཆས་འཁྱེར་དགོས་སྐོར་བཤད་སྐོར་གནས་ཚུལ་བཀོད་ཡོད་པ་མ་ཟད་ཁོང་གི་བུ་མོ་གཉིས་ཁོང་ཐུག་འཕྲད་བྱེད་པར་བསྐྱོད་སྐབས་ཁོང་ཐུག་བཅུག་མེད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་

ཨེ་པི་གསར་འགྱུར་ལས་ཁང་གིས་བཀྲ་རྒྱལ་ལགས་ཀྱི་གནས་ཚུལ་སྐོར་འདྲི་བརྩད་གནང་སྐབས་ཟི་ལིང་བསྐོར་སྲུང་ལས་ཁང་གིས་དེའི་སྐོར་ལན་འདེབས་བྱས་མེད་པ་མ་ཟད་རྒྱ་ནག་གཞུང་གི་སྤྱི་བདེ་ལྷན་ཁང་ལ་འདྲི་རྩད་བྱེད་ཅེས་ལན་འདེབས་བྱས་ཡོད་པ་རེད་          དགུང་གྲངས་༤༥ལ་སླེབས་པའི་བོད་རིགས་རྩོམ་པ་པོ་བཀྲ་རྒྱལ་ལགས་ནི་མཚན་སྙན་ཆེ་བའི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཅིང་             ཁོང་གིས་ད་བར་དཔེ་དེབ་ཁག་ཅིག་བྲིས་གནང་བ་དེ་དག་ནང་རྒྱ་ནག་གཞུང་གི་བོད་མིའི་ཆོས་དང་རིག་གཞུང་དེ་བཞིན་ཡར་རྒྱས་འཛུགས་བསྐྲུན་བཏང་ཕྱོགས་ཐོག་མཐུན་ཕྱོགས་ཀྱི་རྣམ་པ་བཏོན་ཡོད་པ་རེད་ ཡིན་ནའང་ཁོང་གིས་ལོ་འདིའི་ནང་དཔེ་དེབ་ཅིག་བྲིས་གནང་བ་དེའི་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org