བླ་བྲང་དགོན་པའི་དགེ་འདུན་པ་གཉིས་ཀྱི་གནས་སྟངས་ཛ་དྲག
2012.10.11
༄༅། །དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་དྲ་གནས་ཐོག་བོད་ནས་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བ་ལུང་འདྲེན་གྱིས་བཀོད་པ་གཞིར་བཟུང་བྱས་ན། ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དྭོགས་གཞིའི་འོག་འཇིགས་མེད་མགོ་རིལ་ལམ་འཇིགས་མེད་རྒྱ་མཚོ་ད་བར་རྒྱ་ནག་གཞུང་གིས་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་ཅིང༌། མཐའ་མ་དེ་ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་བཀག་ཉར་བྱས་ན་ཡང་། ཁོང་གི་ནང་མི་ཚོར་ ༢༠༡༢ ལོར་མ་གཏོགས་ཁོང་འཛིན་བཟུང་བྱས་པའི་བརྡ་ཐོ་བཏང་མེད་པ་རེད།
ཡང་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་དམ་འཇིགས་མེད་རྒྱ་མཚོ་ཡང་རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་ཞེས་པའི་གློག་བརྙན་དཔར་ལེན་བྱས་པ་དང་འབྲེལ་བ་ཡོད་པར་བསྙད་བཏགས་སྟེ། ད་བར་སྔ་རྗེས་ཐེངས་གསུམ་ཙམ་འཛིན་བཟུང་བཀག་ཉར་བྱས་ཟིན་ཞིང༌། ༢༠༡༢ ཟླ་ ༩ ཚེས་ ༢༠ ཉིན་བླ་བྲང་དགོན་ནས་གཙོད་གྲོང་ཁྱེར་ཁུལ་དུ་བསྐྱོད་རྗེས་གར་སོང་ཆ་མེད་དུ་གྱུར་ཏེ། ད་བར་སྤུན་ཉེ་འབྲེལ་ཚོས་རྩད་གཅོད་ག་ཚོད་བྱས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་པས་མ་ཟད། མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ནི། རྒྱུན་གཏན་ནས་ས་གནས་སྤྱི་བདེ་ཉེན་རྟོག་པས་དམིགས་བསལ་དོ་དམ་བྱ་ཡུལ་གྱི་མི་སྣའི་གྲས་ཤིག་ཡིན་འདུག།