ལི་ཐང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྗེས་སུ་དྲན་པའི་འདུ་འཛོམས།
ལི་ཐང་མགོ་ལོག་གི་ཡུལ་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྗེས་དྲན་ཞུས་སྐབས་མི་མང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་རེད།
-
2014-10-14 -
-
-
ལི་ཐང་མགོ་ལོག་གི་ཡུལ་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྗེས་དྲན་ཞུས་སྐབས་མི་མང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་རེད།
དེ་ཡང་བློ་དགའ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མདོ་ཁམས་ལི་ཐང་མགོ་ལོག་གི་ཡུལ་མི་ཚོས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་དང་དེར་མི་མང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་རེད། ༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་པར་གཉིས་མཉམ་དུ་སྒྲིག་ནས། མང་ཚོགས་ཀྱིས་དེ་ལ་ཕྱག་དང་མཆོད་འབུལ་ཟབ་རྒྱས་ཞུས་ཡོད་པ་དང་། ས་གནས་བོད་མིས་བརྗོད་དོན། མི་མང་གིས་རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་དུ་མཇལ་བའི་སྨོན་ལམ་འདེབས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་གི་ཞབས་བརྟན་འུར་འདོན་བྱས་ཡོད། ཁོང་གི་མཛད་རྗེས་རྣམས་ཡོངས་སུ་དྲན་བཞིན་མིག་ཆུ་གཏོང་བ་དང་རིན་པོ་ཆེར་མ་ཉེས་ཁག་གཡོག་བྱེད་མཁན་དང་ཁོང་འཛིན་བཟུང་བྱེད་པའི་ལས་དོན་གྱི་སྣེ་ཁྲིད་པ་ཀྲུའུ་ཡོང་ཁང་གིས་གཙོས། ཁོ་པའི་རྗེས་འབྲངས་པ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་དོན་པ་རྣམས་ལ་ཁ་སྨད་བྱེད་བཞིན་ཡོད། གནས་ཚུལ་དེ་ས་གནས་རྒྱ་ནག་གི་གུང་ཁྲན་གྱི་འགན་ཡོད་ལས་བྱེད་པས་གསལ་པོ་ཤེས་ཡོད་པ་རེད། རྣམ་འགྱུར་དེ་ནི་ཞི་བའི་ངོ་རྒོལ་གྱི་རྣམ་པ་ཞིག་ཀྱང་ཡིན་པ་ངོ་སྤྲོད་བྱས་ཡོད།
རིན་པོ་ཆེ་འཇུ་བཟུང་བྱས་པ་ནས་ད་བར་ཁོང་ལ་ཁ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་དང་སེམས་ཐག་གཙང་བཅད་ཀྱིས་མདུན་མཆོང་ཆེན་པོས་ལས་འགུལ་སྤེལ་བ་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་མང་པོའི་མི་སྣ་ཡོད་པ་སྨོས་མེད་ལྟར། དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་ཁོངས་མགོ་ལོག་གི་ཡུལ་མི་རྣམས་ནས་ཀྱང་སྔ་བར་ཕྱི་གསུམ་དུ་མཉམ་ཞུགས་ཚད་མེད་བྱས་འདུག དཔེར་ན། ཕྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༢ པའི་ཚེས་ ༠༥ ཡི་ཕྱི་དྲོར་མགོ་ལོག་གི་ས་གནས་ཉི་ཤཱིས་ལུང་པའི་ཁར་བོད་མི་བདུན་བཅུ་སྐོར་གྱིས་ལམ་ཆེན་ཐོག་ཉལ་ནས་རིན་པོ་ཆེ་གློད་གྲོལ་གྱི་ཞི་བའི་རེ་འབོད་བྱས་པ་དང་། མུ་མཐུད་ཚེས་༩ བར་དུ་སྔ་རྗེས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།