རྒྱལ་ཁབ་གཅིག་ནང་གི་རྒྱལ་ཁབ་བལ་ཡུལ་ནང་གི་བོད་མི།

ཧི་མ་ལ་ཡའི་ལུང་གཤོང་ནང་སྐྱབས་བཅོལ་བོད་མིའི་གཞིས་ཆགས་བློ་ཚེ་རོག་ཞེས་བོད་རྒྱལ་ཁབ་གསོན་པོར་གནས་འདུག་ཅེས་བྲིས་འདུག

བལ་ཡུལ་མཐའ་མཚམས་ཀྱི་བོད་མིའི་གཞིས་ཆགས་བློ་ཚེ་རོག ༢༠༡༦ Constanze Pluta.

བལ་ཡུལ་ས་མཚམས་ཉེ་འཁྲིས་སུ་ཡོད་པའི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་བློ་ཚེ་རོག་ལ་གནས་སྡོད་བོད་མི་ཚོར། ད་དུང་ཡང་ཕྱིའི་འཛམ་གླིང་གི་ཤུགས་རྐྱེན་མ་ཐེབ་པར་བོད་པའི་ཡུལ་སྲོལ་གོམས་གཤིས་རྒྱུན་འཇགས་ཐོག་ནས་ཤིང་དང་འདམ་གྱིས་བཟོས་པའི་ཁང་པའི་ནང་གནས་སྡོད་བྱེད་བཞིན་ཡོད་པའི་སྐོར་ལ་བལ་ཡུལ་ནང་བཅའ་སྡོད་ཕྱི་རྒྱལ་མི་རིགས་Johon Dennehy་ཡིས་རྩོམ་ཡིག་ཅིག་སྤེལ་འདུག
རྩོམ་ཡིག་དེའི་འགོ་བརྗོད་དུ་རྒྱལ་ཁབ་གཅིག་ནང་གི་རྒྱལ་ཁབ། བལ་ཡུལ་ནང་གི་བོད་མི་ཞེས་པའི་ནང་གསར་འགོད་པས། མཐའ་བསྐོར་གངས་རིས་བསྐོར་བའི་ཧི་མ་ལ་ཡའི་ལུང་གཤོང་ནང་བོད་རྒྱལ་ཁབ་གསོན་པོར་གནས་འདུག་ཅེས་བལ་ཡུལ་གྱི་ས་མཚམས་ཉེ་འཁྲིས་སུ་ཆགས་པའི་བློ་ཚེ་རོག་བོད་པའི་གཞིས་ཆགས་ནང་གི་བོད་མི་ཚོའི་གནས་སྟངས་སྐོར་འགྲེལ་བཤད་གནང་འདུག།
རྩོམ་དེའི་ནང་འཚང་ཀ་ཤིག་ཤིག་ཡོད་པའི་བོད་པའི་ཁང་པའི་སྲང་ལམ་གྱི་གཡས་གཡོན་དུ་དར་ལྕོག་དཀར་སེར་དམར་ལྗང་རླུང་པོས་ལྷབ་ལྷུབ་དུ་གཡོ་བཞིན་ཡོད་པ་དང་། གྲོང་པ་ཕན་ཚུན་ཕྱི་ལ་ཐུག་པའི་སྐབས་ལག་གཉིས་ཐལ་མོ་སྦྱར་ནས་ཕན་ཚུལ་བཀྲིས་བདེ་ལེགས་ཞེས་འཚམས་འདྲི་བྱ་རེས་དང་། དེའི་ནང་མི་མང་པོ་ཞིག་གི་སྐེ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཏགས་ཡོད་པ་སོགས་བྲིས་འདུག
ད་ལྟ་ལོ་ན་༧༠་ལ་གསོན་པའི་ནོར་བུ་ཧྲི་གཅོད་ལགས་ནི་བློ་ཚེ་རོག་གཞིས་ཆགས་དེར་གཞིས་ཆགས་མཁན་བོད་པ་དང་པོའི་གྲས་ཡིན་པ་དང་། ཁོང་ཕྲུ་གུའི་སྐབས་བོད་ནས་བྲོས་བྱོལ་དུ་འབྱོར་རྗེས་བསྟན་སྲུང་དང་བླངས་དམག་མིའི་ནང་འཛུལ་བཞུགས་གནང་བ་དང་། བོད་ས་ཤོར་བའི་ཐོག་མའི་ལོ་༡༥་རིང་རྒྱ་མི་དང་འཐབ་འཛིང་བྱས་པའི་མྱོང་བའི་ལོ་རྒྱུས་ཡོད་འདུག།
གཞིས་ཆག་དེའི་བདེ་དོན་ལོ་ན་༦༠་ལ་སླེབས་པའི་ནོར་བུ་ཕུན་ཚོགས་ལགས་ཡིན་པ་དང་། ཁོང་༢༠༠༨་ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་དེའི་གཞིས་འགོར་བསྐོ་གཞག་གནང་བ་དང་། གཞིས་ཆགས་དེའི་ནང་མི་མང་༢༢༥་ཡོད་པ་རེད།
གཞིས་འགོ་ཕུན་ཚོགས་ལགས་ཀྱིས་ས་གནས་དེའི་ནང་གི་མི་ཚང་མས་ང་ཚོ་བོད་པ་ཡིན་ཞེས་སྤོབས་པ་མཐོ་པོའི་ངང་ནས་བརྗོད་ཀྱི་ཡོད་སྐོར་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org