བོད་ནང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་འདུག
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་དེ་བོད་ཀྱི་རོང་འབྲོག་མང་ཚོགས་ལ་ཐུག་ཡོད་པ་ལས།གཞུང་གཉེར་སློབ་གྲྭ་ཁག་ལ་རེ་བ་བརྒྱབ་ས་མེད་ཅེས་བརྗོད་འདུག
- 2022-02-21
-
-
-
ཕྱི་ཟླ་༢ཚེས་༢༡ཉིན་དེ་བཞིན་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དམ་དྲག་ལ་མ་བལྟོས་པར་བོད་མི་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕ་སྐད་ཉིན་མོ་དང་འབྲེལ་བའི་ཤིས་བརྗོད་དང་། དེ་བཞིན་རྩོམ་པ་པོ་དང་སྨྱུག་ཐོག་པ་མང་པོས་རྒྱ་ནག་གཞུང་གིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་དམ་དྲག་བྱེད་བཞིིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་། བོད་ནང་གི་སློབ་གྲྭ་ཁག་ཅིག་ནང་བོད་ཡིག་གཟུགས་འགྲན་བསྡུར་རིགས་བྱས་ཡོད་པ་དྲ་ལམ་དུ་སྤེལ་སོང་ལ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་སྲིད་གཞུང་གིས་བོད་སྐད་ཡིག་ལ་དམ་དྲག་བྱེད་བཞིན་པ་དེ་རྒྱུན་ལྡན་ཞིག་ཡིན་ན་ཡང་། དེང་སང་ཆེད་དམིགས་བོད་དུ་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་ཁྲིད་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེདབཞིན་པ་དེ་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
བོད་མི་ཚོས་དྲ་ལམ་ཁག་ཏུ་སྤེལ་བའི་ཕ་སྐད་ཉིན་མོའི་ཡི་གེ་དག་གི་ནང་། མི་ཡི་སྲོག་ནི་ཟས་དང་སྐོམ་ལ་བརྟེན་དགོས་པ་བཞིན། རིགས་ཀྱི་སྲོག་ནི་སྐད་དང་གོམས་གཤིས་ལ་བརྟེན་དགོས་པས།སྐད་ཡིག་ཚར་གཅོད་ཀྱི་སྲིད་བྱུས་འོག་ཏུ་བོད་མི་ཚོས་བོད་ཡིག་གི་ཐ་སྙད་རྙིང་བ་རྣམས་བཀོལ་སྤྱོད་ཅི་ཐུབ་དང་། ཐ་སྙད་གསར་བ་གང་ཐུབ་བོད་རང་གི་མིང་བརྡ་དང་མཐུན་པ་བྱས་ཏེ་བཟོ་ཐུབ་པ་བྱས་ན་སྐད་ཡིག་གི་བླ་སྲོག་སྲུང་སྐྱོབ་ཡིན་སྐོར་དང་།ཡང་བོད་མི་ཞིག་ནས་བོད་སྐད་ཡིག་ལ་མུན་པ་འཐིབས། སྤྲིན་པ་འཁྲིགས།ཐན་པ་འཕྱུར།ཚེ་སྲོག་འཇོམས་སྒང་འདིར་ང་ལ་སྐད་ཆ་འདི་ལས་མེད་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་སྐད་ཡིག་གཙོ་གཉེར་གྱི་བཙུགས་པའི་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་པར་སྐྱོན་བརྗོད་དང་། དེང་སང་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་དགེ་རྒན་ཚོར་གཞུང་ཕྱོགས་ནས་སུན་གཙེར་རིགས་འདྲ་མིན་བྱེད་བཞིན་པ་སོགས་བྲིས་སོང་ལ། དེ་མིན་བོད་མི་ཞིག་ནས་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་དེ་བོད་ཀྱི་རོང་འབྲོག་མང་ཚོགས་ལ་ཐུག་ཡོད་པ་ལས།གཞུང་གཉེར་སློབ་གྲྭ་ཁག་ལ་རེ་བ་བརྒྱབ་ས་མེད་སྐོར་སོགས་སྤེལ་སོང་།གཞན་འདི་ག་རླུང་འཕྲིན་ཁང་གིས་དོ་སྣང་བྱུང་བ་གཅིག་དེ་བོད་ཀྱི་སྐད་ཡིག་དོན་གཉེར་བ་བཀྲ་ཤིས་དབང་ཕྱུགས་ལགས་ཁོང་སྒེར་གྱི་ལྦེ་སྤོ་དྲ་ཚིག་ད་ལྟ་ཕྱི་ཕྱོགས་ནས་མཐོང་མི་ཐུབ་པ་ཆགས་ཡོད།
བོད་ཀྱི་སྐད་ཡིག་དོན་གཉེར་བ་བཀྲ་ཤིས་དབང་ཕྱུགས་ཀྱིས་ཉེ་ལམ་སྤྱི་ཟླ་༡པོའི་ནང་ཝེ་སྤོ་སྤྱི་ཚོགས་དྲ་ལམ་ཐོག་བོད་ཀྱི་སྐད་དང་ཡི་གེ་ཐོག་རྒྱ་ནག་སྲིད་གཞུང་གིས་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་ཏུ་གཏོང་དགོས་པའི་ཞུ་བསྐུལ་ཞུས་ཡོད་པ་དང་ཁོང་ལ་སྤྱི་ཟླ ༡པའི་ཚེས་༡༧ཉིན་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུའུ་མངགས་གཏོང་ཁང་གིས་འབོད་འགུག་གིས་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་མི་སྣས་ཁོང་ལ་ཆུ་ཚོད་༣ལྷག་ཙམ་གྱིས་འདྲི་རྕེད་བྱས་ནས་ཚིག་ཐོག་ལེན་ཡོད་འདུག
རྒྱ་ནག་གི་དབང་འཛིན་པས་བཀྲ་ཤིས་དབང་ཕྱུགས་ཁོང་རང་ཉིད་ལ་བོད་ཀྱི་སྐད་དང་ཡི་གེའི་ཐོག་དོ་སྣང་དང་ཇུས་ཏོག་བྱེད་རྒྱུ་སུ་ཡིས་འགན་སྤྲད་སོང་ཅེས་བརྗོད།
དེ་ལ་བཀྲིས་དབང་ཕྱུགས་ལགས་ཀྱིས་ད་ལྟའི་སྐབས་སུ་བདུན་ཕྲག་གཉིས་རེའི་ནང་གྲངས་ཉུང་མི་རིགས་ཀྱིས་སྐད་ཡིག་རེད་རྩ་སྟོང་དུ་འགྲོ་གིན་ཡོད་པ་རེད་།དེར་བརྟེན་ཁོང་གིས་བོད་ཀྱི་སྐད་དང་ཡི་གེ་ཐོག་ཧ་ཅང་གི་སེམས་འཚབ་ཡོད་པ་བརྗོད་འདུག།འོན་ཀྱང་ཉེ་བའི་བདུན་ཕྲག་གཉིས་ཙམ་སྔོན་ནས་བཟུང་ཁོང་གི་ལྦེ་སྤོ་དྲ་ཚིག་ཕྱི་ཕྱོགས་ནས་བལྟ་མ་ཐུབ་གྱུར་ཡོད་པ་རེད།
ཡང་དེ་རིང་གི་ཉིན་མོ་དང་བསྟུན་བོད་ནང་གི་བོད་མི་མང་པོ་ཞིག་གིས་ཆེད་དུ་ཕ་སྐད་ཉིན་མོར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནས་གོ་སྒྲིག་འོག་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་ཚོས་ཆེད་སྒྲིག་ནང་བཞིན་པའི་དེང་རབས་བོད་སྐད་ཤན་སྦྱར་ཚིག་མཛོད་དང་། སྲོལ་རྒྱུན་མིང་མཛོད་མཉེན་ཆས་དང་གསར་བྱུང་མིང་མཛོད།གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་སོགས་དྲ་ལམ་དུ་སྤེལ་ནས་ཁོང་རྣམ་པའི་བོད་སྐད་ཡིག་ལ་ཕྱག་ལས་གཉེར་བཞིན་པར་ཡི་རངས་དང་བསྔགས་བརྗོད་དང་། དེ་བཞིན་ཚུལ་ཁྲིམས་བློ་གྲོས་ལགས་ནས་བདེ་ཐང་ཉམས་པས་མི་རིགས་མི་འཆི་ཡང་མི་འཆི་བ་དང་། སྐད་ཡིག་ཉམས་པས་མི་འཆི་ཡང་མི་རིགས་འཆི།ནད་ཀྱི་རིམས་འགོག་དགོས་པ་བཞིན་དུ་སྐད་ཀྱི་རིམས་འགོག་ཀྱང་དགོས་པ་དང་། རིམས་འགོག་གི་སྨན་ཁབ་བྱིས་དུས་ནས་རྒྱག་དགོས་པ་བཞིན། སྐད་ཡིག་གི་སྔོན་འགོག་སྨན་ཁབ་ཀྱང་བྱིས་དུས་ནས་དགོས་པ་རེད་ཅེས་པ་ཤུགས་ཆེར་སྤེལ་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་ཤེས་ཡོན་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་སྐད་ཡིག་ཐོག་དམ་དྲག་དང་ལྷག་པར་དུ་བོད་ཀྱི་གཞོན་སྐྱེས་ཚོར་སྐད་ཡིག་དང་རིག་གཞུང་ལ་འབྲེལ་འདྲིས་དང་བར་ཐག་ཇེ་རིང་དུ་གཏོང་གི་ཡོད་ཀྱང་། བོད་མི་ཚོས་དཔའ་མ་ཞུམ་པར་མུ་མཐུད་བོད་སྐད་ཡིག་སྲུང་སྐྱོབ་དང་དམིགས་བསལ་རྒྱལ་སྤྱིའི་ཕལ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དེ་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་ཡིན་སྐོར་གསུངས་སོང་།
ཡང་བཙན་བྱོལ་དུ་ཨོའསི་ཊརེ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་ཁུལ་དུ་ཡོད་པའི་བོད་མི་རྣམས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་མཛད་སྒོར་མཉམ་ཞུགས་གནང་ཡོད་ཅིང་། སྐབས་དེར་དེ་གར་ཡོད་པའི་བོད་མི་ཚོས་རྒྱ་གར་དང་། བཱངྒ་ལ་དེཤ། ཡུ་ཀེ་རེན། རྒྱ་ནག་སོགས་ཀྱི་མི་རིགས་རྣམས་ལ་བོད་ཡིག་ནི་བོད་ཀྱི་ཆོས་དང་། རིག་གཞུང་། ངོ་བོའི་སྲོག་རྩ་ཡིན་པའི་སྐོར་གསལ་བཤད་དང་། བོད་ནང་གཏན་འཇགས་སློབ་གྲྭ་ཁག་ཏུ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་ནག་གཞུང་གིས་བཙན་དབང་གིས་རྒྱ་ཡིག་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་སོགས་སྐོར་གསུངས་ཡོད་པ་མ་ཟད། དེ་གའི་ས་གནས་སུ་འཛོམས་པའི་མི་རིགས་ཚོིར་བོད་ཡིག་དང་བོད་ཀྱི་སྒོར་གཞས་སོགས་ཀྱི་རིག་གཞུང་ངོ་སྤྲོད་སློབ་འཁྲིད་གནང་ཡང་གནང་ཡོད་པ་ས་གནས་ནས་སྐལ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་ཡོད།
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་ཕྱི་ལོ་༡༩༩༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ངོ་ཚབ་ལས་ཁང་(UNESCO)གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་སྟེ།ཕྱི་ལོ་༢༠༠༠ལོ་ནས་བཟུང་ད་བར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་ལ། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་ནི་༡༩༥༢ཟླ་༢ཚེས་༢༡ཉིན་པ་ཀིསྠན་གྱི་ས་གནས་དང་། ད་ལྟའི་བངྒལ་དྷེཤ་་ཡི་རྒྱལ་སར་སློབ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྐད་ཡིག་གཉིས་ཀྱི་ནང་ཁོ་ཚོའི་ཕ་སྐད་བངྒ་ལ་ངོས་འཛིན་དགོས་པའི་ཞི་བའི་ངོ་རྒོལ་བྱས་པར། སྐབས་དེའི་པ་ཀི་སྠན་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་སློབ་ཕྲུག་བཞི་བསད་པས།ལོ་བཞིའི་རྗེས་ཕྱི་ལོ་༡༩༥༦ལོར་པཱ་ཀི་སི་ཐན་གཞུང་ནས་ཤར་པ་ཀིསྠན་གྱི་ཕ་སྐད་བངྒ་ལ་དེ་ཉིད་རྒྱལ་ཁབ་ཀྱི་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་བཞིན།ཕྱི་ཟླ་༢ཚེས་༢༡ཉིན་མོ་དེ་བངྒ་ལ་དེཤ་རྒྱལ་ཁབ་ནས་ལོ་ལྟར་རྗེས་དྲན་ཞུ་བཞིན་ཡོད་པ་བཞིན། ཕྱི་ལོ་༢༠༠༠ལོ་ནས་འཛམ་གླིང་ཡོངས་སུ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།