ལོ་དྲུག་འཁོར་བའི་དུས་དྲན།
རོང་རྒྱས་ཨ་གྲགས་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྐྱོ་པོ་ཆགས་པ་དང་། མིག་ཡང་མི་མཐོང་བའི་དཀའ་ངལ་དུ་གྱུར་ཡོད་རེད།
-
2013-08-01 -
-
-
༄༅། །བོད་རྩ་དོན་འབོད་སྒྲ་སྒྲོག་མཁན་རོང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བཀག་ཉར་བྱས་ནས་ལོ་དྲུག་ཧྲིལ་པོ་འཁོར་བའི་དུས་ཚིག་དང་བསྟུན། བོད་མི་དམངས་སྤྱི་འཐུས་ཨ་ཀྲུག་ཆེ་བརྟན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག ཁོང་གིས་གསལ་བསྒྲགས་དེའི་ནང་། ༢༠༠༧ ལོའི་ཕྱི་ཟླ་༨ཚེས་༡ ཉིན་རོང་རྒྱས་ཨ་གྲགས་ལགས་ཀྱིས་ལི་ཐང་དུ་བརྒྱད་གཅིག་རྟ་རྒྱུགས་ཀྱི་དུས་ཆེན་ཉིན་མི་དམངས་འདུ་འཛོམས་ཆེ་སའི་སྡིངས་ཆའི་ཐོག་ཐོན་ཏེ་གཙོ་སྐྱོང་བའི་ལག་ནས་རྒྱང་གྲགས་ཁ་པར་བླངས་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས་པ་། ༸པན་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། ང་ཚོ་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་སྙིང་ལྟ་བུ་ཡིན། བོད་མི་རྣམས་མཐུན་སྒྲིལ་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་ཞེས་འབོད་སྒྲ་སྒྲོག་པར་བརྟེན་ནས་ཁོང་འཛིན་བཟུང་བྱས་ཡོད་པ་རེད། ཁོང་འཛིན་བཟུང་རྗེས་བོད་མི་སྟོང་ཕྲག་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བསྐྱོད་དེ་ཁོང་གློད་བཀྲོལ་གཏོང་དགོས་པའི་ཞུ་འབོད་བྱས་པས་མ་ཟད། བོད་མི་ཚོས་ལི་ཐང་རྫོང་གི་མཐའ་སྐོར་དུ་གུར་རྒྱབ་ནས་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ཡོད་ཀྱང་། དེར་ཡ་ལན་ཙམ་མེད་པར་ཁོང་ལ་ལོ་ངོ་བརྒྱད་ཀྱི་བཙོན་འཇུག་ཉེས་ཆད་བཏང་ཡོད། སྐབས་དེར་ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་པ་ཨ་ཀྲུག་བློ་སྦོ་ལ་ལོ་བཅུ་དང། སྒྱུ་སྕལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོ་དགུ། ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་ལྔ། བློ་ཐོག་ལ་ལོ་གསུམ། འཇམ་དབྱངས་བསྟན་འཛིན་ལ་ལོ་གསུམ། བདེ་སྐྱིང་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་གཅིག་དང་ཕྱེད་ཀ་བཅས་ཀྱི་བཙོན་འཇུག་ཉེས་ཆད་བཏང་བའི་ཁོངས་ནས་ཁག་ཅིག་ལོ་ཚད་ཚང་སྟེ་གློད་བགྲོལ་བཏང་ཡོད་ཀྱང་། དེའི་ནང་ནས་འཇམ་དབྱངས་བསྟན་འཛིན་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད། རོང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བྱེད་པའི་སྐབས་སྐྱེས་ནས་ཉིན་མ་གཅིག་ལས་མ་ཕྱིན་པའི་ཕྲུ་གུ་ཞིག་དང། བཟའ་ཟླ་གཉིས་སྨན་ཁང་དུ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉིན་དེར་ཁོང་འཛིན་བཟུང་བྱས་པའི་རྗེས་ལོ་ངོ་དེ་དག་རིང་ལ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ད་ཆ་སྐུ་གཟུགས་གནས་སྟངས་སྐྱོ་པོ་ཆགས་པ་དང་། མིག་ཡང་མི་མཐོང་བའི་དཀའ་ངལ་དུ་གྱུར་ཡོད་པའི་སྐོར་གསུངས་འདུག སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ལགས་ཀྱིས་འཛམ་གླིང་མི་དམངས་ཀྱི་དྲང་བདེན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་པ་རེད།།