རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་མི་ཚོས་ངོ་རྒོལ་བྱས་འདུག

རྒྱ་གར་ལྡི་ལིའི་བོད་མི་གནས་སྡོད་བྱེད་ཡུལ་བསམ་ཡས་གླིང་དང་རྒྱ་ནག་གཞུང་ཚབ་ཁང་སོགས་སུ་རྒྱ་གར་གཞུང་གིས་སྔ་ས་ནས་དམ་དྲག་བྱས་འདུག

ལྡི་ལིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་མི་ཚོས་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༦།༨ ས་གནས་གཞོན་ནུ།

རྒྱ་གར་ལྡི་ལིའི་བོད་མི་གནས་སྡོད་བྱེད་ཡུལ་བསམ་ཡས་གླིང་དང་རྒྱ་ནག་གཞུང་ཚབ་ཁང་སོགས་སུ་རྒྱ་གར་གཞུང་གིས་སྔ་ས་ནས་དམ་དྲག་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ལྡི་ལིར་གནས་སྡོད་བོད་མི་ཚོས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yiརྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་དུས་ཚོད་དང་བསྟུན་ནས། ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕྱི་སྲིད་བློན་ཆེན་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ཁུལ་གྱི་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་བའི་སྐབས། རྒྱ་གར་གྱི་ཉེན་རྟོག་སྐོར་སྲུང་བ་དང་དམག་མི་ཕོན་ཆེན་འགྲེམ་འཇོག་གིས་བོད་མི་ངོ་རྒོལ་བ་ཚོ་བཀག་འགོག་བྱས་ཡོད་པ་མ་ཟད་ཁག་གཅིག་འཇུ་བཟུང་བྱས་ཡོད་འདུག ལྡི་ལི་བྱང་ཕྱོགས་ཀྱི་ཉེན་རྟོག་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Sindhu Pillaiགྱིས། ད་ཐེངས་བོད་མི་བརྒྱ་སྐོར་ཞིག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འདིར་འབྱོར་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། བོད་སྒར་བསམ་ཡས་གླིང་ས་གནས་དང་། དེ་བཞིན་ལྡི་ལི་གསར་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཡོད་སའི་ས་ཁུལ་ཁག་ཅིག་ལ་སྲུང་སྐྱོབ་དམ་དྲག་བྱས་ཡོད་པ་བརྗོད་འདུག
ད་ཐེངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་གཞུང་འབྲེལ་སྐོར་བསྐྱོད་བྱས་ཏེ་རྒྱ་གར་ནག་གི་ས་མཚམས་སྲུང་སྐྱོབ་སྐོར་ལ་གྲོས་མོལ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འཛུགས་བསྐྲུན་དང་། ཚོང་དོན་ཁག་ཅིག་ལ་མིང་རྟགས་བཀོད་རེས་བྱས་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org