བོད་མིས་སུད་སི་གཞུང་དམངས་ལ་བཀྲིན་རྗེས་དྲན།
སུད་སི་གཞུང་མང་ནས་འདས་པའི་ལོ་ངོ་༥༠རིང་བཙན་བྱོལ་བོད་མིར་གདུང་སེམས་མཉམ་བསྐྱེད་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན།
-
2010-03-26 -
-
-
༄༅༎ཕྱི་ཟླ་༤པའི་ཚེས་༨ཉིན་སུད་སི་དང་ལིཀ་ཀྲེན་སི་ཀྲའེན་བོད་རིགས་མི་མང་ཚོགས་པ་དང་སུད་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཐོག་སུད་སི་གཞུང་མང་ནས་འདས་པའི་ལོ་ངོ་༥༠རིང་བཙན་བྱོལ་བོད་མིར་གདུང་སེམས་མཉམ་བསྐྱེད་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་ཞུ་བའི་མཛད་སྒོ་ཞིག་ཚུགས་རྒྱུའི་ཐོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
སུད་སི་དང་ལིཀ་ཀྲེན་སི་ཀྲའེན་བོད་རིགས་ཚོགས་པ་དང་སུད་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་ནས་གོ་སྒྲིག་གནང་བའི་སུད་སི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་ཞུ་བའི་མཛད་སྒོ་དེའི་ཐོག་སུད་སི་དབུས་གཞུང་དང་མངའ་སྡེ་ གྲོང་སྡེ་ལས་ཁུངས་བཅས་ཀྱི་སྐུ་ཚབ་ཕྱོགས་མཚུངས་འདས་པའི་ལོ་ངོ་༥༠རིང་བོད་མིར་གཞིས་སྤོས་མཐུན་འགྱུར་གནང་མཁན་ཁྱིམ་བདག་དང་འབྲེལ་ཡོད་རྗེས་ཤུལ་རྣམས་མགྲོན་འབོད་གནང་རྒྱུ་ཡིན་འདུག ཕྱི་ལོ་༡༩༦༢ལོར་སུད་སི་དབུས་གཞུང་གི་ཁྲིམས་དང་སྐོར་སྲུང་ལྷན་ཁང་ནས་རྒྱ་གར་དང་ བལ་ཡུལ་ནས་བོད་མི་༡༠༠༠ལེན་རྒྱུར་རྒྱབ་གཉེར་ཞུ་རྒྱུའི་ཁས་ལེན་གནང་ཡོད་པ་དང་ཕྱི་ལོ་༡༩༦༣ཟླ་བ་༣པའི་ཚེས་༢༩ཉིན་སུད་སི་དབུས་གཞུང་གི་ཁྲིམས་དང་སྐོར་སྲུང་ལྷན་ཁང་ནས་རྒྱབ་གཉེར་གནང་བ་ལྟར་སུད་སི་དབུས་གཞུང་གིས་བཀའ་འཁྲོལ་གནང་ཡོད་ཅིང་ཕྱི་ལོ་༡༩༦༡ལོ་ནས་༡༩༦༤པའི་ཟླ་བ་བརྒྱད་པའི་བར་བོད་ཕྲུག་ཁྱོན་བསྡོམས་མི་གྲངས་༡༥༨སུད་སུ་མི་མང་གི་ཁྱིམ་ཚང་ནང་བདག་ཉར་གནང་ཡོད་པ་དང་ད་ལྟའི་ཆར་སུད་སི་ནང་བོད་རིགས་མི་གྲངས་༤༠༠༠ལྷག་ཙམ་ཡོད་པ་མ་ཟད་མི་རབས་གསུམ་པའི་བོད་རིགས་ན་གཞོན་རྣམས་འཚར་ལོངས་བྱེད་བཞིན་ཡོད་པ་རེད་།