རྡུལ་ཕྲན་ནུས་པའི་ལས་འཆར་མཚམས་འཇོག་འབོད་སྐུལ།

རྒྱ་གར་གཞུང་ལ་རྡུལ་ཕྲན་གྱི་ནུས་པ་དང་འབྲེལ་བའི་ལས་འཆར་ཁག་རེ་ཞིག་མཚམས་འཇོག་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཕུལ་འདུག

༄༅༎ད་རེས་ཉེ་ཆར་ཉི་ཧོང་ནང་ས་ཡོམ་གྱི་གནོད་ཚེ་ཕོག་ནས་ཁུལ་དེའི་ནང་ཡོད་པའི་རྡུལ་ཕྲན་གློག་ཁང་གི་དུག་རླངས་ཕྱིར་ཐོན་པའི་གནས་ཚུལ་བྱུང་རྗེས་རྒྱ་གར་གྱི་ཚན་རིག་མཁས་པ་དང་ སྲིད་བློན་གྱི་ཚན་རིག་སློབ་སྟོན་པ་སྐུ་ཞབས་པི་སྦ་ལ་རམ་ཡིས་གཙོས་པའི་ཚན་རིག་པ་མི་གྲངས་ལྔ་བཅུ་ལྷག་ཙམ་གྱིས་རྒྱ་གར་གཞུང་ནས་རྡུལ་ཕྲན་གྱི་ནུས་པ་དང་འབྲེལ་བའི་ལས་འཆར་ཁག་རེ་ཞིག་མཚམས་འཇོག་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞིག་རྒྱ་གར་གཞུང་ལ་ཕུལ་ཡོད་པ་རེད་ འབོད་སྐུལ་ཡི་གེ་དེའི་ཐོག་ས་རྟགས་བཀོད་མཁན་གྱི་གྲས་སུ་གོང་ཞུས་རྒྱ་གར་སྲིད་བློན་གྱི་ཚན་རིག་སློབ་སྟོན་པ་སྐུ་ཞབས་སྦ་ལ་རམ་ཕུད་ད་དུང་རྒྱ་གར་གྱིས་ནུས་པའི་འབྱུང་ཁུངས་ལས་ཁང་གི་འགན་འཛིན་ཟུར་པ་གོ་པ་ལ་ཀི་རིཤ་ནན་དང་སྙན་གྲགས་ཅན་གྱི་ལོ་རྒྱུས་རིག་པ་བ་ཐའ་པར་སོགས་རང་འབྱུང་ཚན་རིགས་དང་ སྤྱི་ཚོགས་ཚན་རིག་དང་དཔལ་འབྱོར་ལོ་རྒྱུས་སོགས་ཀྱི་མཁས་དབང་ལྔ་བཅུ་ལྷག་ཙམ་གྱི་ས་རྟགས་བཀོད་ཡོད་པ་དང་ ཁོང་རྣམ་པས་རྒྱ་གར་གྱི་རྡུལ་ཕྲན་གྱི་ནུས་པའི་ལས་འཆར་གྱི་སྲིད་བྱུས་ཁག་ལ་ད་དུང་ཡང་ཞིབ་འཇུག་བྱ་རྒྱུ་བསྡད་ཡོད་པར་བརྟེན་ རྡུལ་ཕྲན་གྱི་ནུས་པ་དང་འབྲེལ་བའི་ལས་འཆར་ཡོང་རྫོགས་རེ་ཞིག་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ནས་རྒྱ་གར་དབུས་གཞུང་གིས་རྡུལ་ཕྲན་གྱི་ནུས་པ་དང་འབྲེལ་བའི་ལས་འཆར་གྱི་བདེ་འཇགས་དང་ མ་དངུལ་ མི་མང་གིས་ཁས་ལེན་ཐུབ་པའི་གནས་སྟངས་སོགས་ཀྱི་ཐོག་ཁྱོན་ཡོངས་ནས་རྒྱ་གར་གྱི་རྡུལ་ཕྲན་ནུས་པའི་ལས་འཆར་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཏེ་རྡུལ་ཕྲ་རབ་ཀྱི་སྒྲིག་ཆས་ཁག་ལ་རང་དབང་དང་ ཕྱི་གསལ་ནང་གསལ་གྱི་བདེ་འཇགས་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག ཉི་ཧོང་ནང་རྡུལ་ཕྲན་གློག་ཁང་གི་ཉེན་ཚབས་ཀྱི་གནད་དོན་བྱུང་བའི་རྗེས་འཛམ་གླིང་ཡུལ་གྲུ་མང་པོས་རང་ཡུལ་གྲུའི་རྡུལ་ཕྲན་དང་འབྲེལ་བའི་ལས་འཆར་གྱི་བདེ་འཇགས་གནད་དོན་ཐོག་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་ རྒྱ་གར་གྱི་སྲིད་བློན་མཆོག་ནས་ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་རྒྱ་གར་གྱི་རྡུལ་ཕྲན་གློག་ཁང་གི་འཆར་གཞིའི་ཐག་གཅོད་ཕྱི་གསལ་ནང་གསལ་དང་ འགན་ལེན་ཐུབ་པའི་ཐོག་ནས་བྱ་རྒྱུ་ཡིན་པ་གསུང་ཡོད་ཅིང་ ཡིན་ནའི་སྲིད་བློན་གྱི་ཚན་རིག་སློབ་སྟོན་པ་སྐུ་ཞབས་སྦ་ལ་རམ་ཡིས་གསུང་ན་ རྒྱ་ནག་གི་རྡུལ་ཕྲན་གློག་ཁང་གསར་རྒྱག་གི་འཆར་གཞིའི་ནང་  གློག་ཁང་མང་པོ་ཞིག་མི་ཚོགས་མང་བའི་ས་ཁུལ་ཁག་ནང་རྒྱབ་རྒྱུའི་འཆར་གཞི་ཡོད་པར་བརྟེན་ ལས་འཆར་དེ་དག་དངོས་སུ་ལག་བསྟར་མ་གནང་སྔོན་ དབུས་གཞུང་གིས་ལས་འཆར་དེ་དག་གནས་སྐབས་ཕྱིར་འཐེན་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་གསུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org