ཨ་རིའི་ཕྱི་སྲིད་དཔོན་རིགས་ནས་ལྕམ་སུའུ་ཀིར་མཇལ་འཕྲད།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངལ་ཁུལ་ཡུལ་ཁག་ལས་དོན་གྱི་དྲུང་གཞོན་ལས་རོགས་འབར་མར་ཕེབས་རྒྱུ།

༄༅༎ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངལ་ཁུལ་ཡུལ་ཁག་ལས་དོན་གྱི་དྲུང་གཞོན་ལས་རོགས་སྐུ་ཞབས་ཇོ་སེཕ་ཡུན་ཡིས་འབར་མའི་མང་གཙོའི་དབུ་འཁྲིད་ལྕམ་ཨང་སན་སུ་ཆི་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་           

ད་ཐེངས་ཀྱི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་ལྕམ་ཨང་སན་སུ་ཆི་མཆོག་གི་མཇལ་འཕྲད་དེ་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་དང་ལྕམ་ཨང་སན་སུ་ཆི་མཆོག་བཟང་བཙོན་ནས་གློད་བཀྲོལ་བྱུང་རྗེས་ཀྱི་མཇལ་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་

མིང་འདོན་གནང་འདོད་མེད་པའི་འབར་མའི་གཞུང་གི་དཔོན་རིགས་ཤིག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་སྐུ་ཞབས་ཡུན་ཡིས་འབར་མའི་གཞུང་དང་ལྕམ་ཨང་སན་སུ་ཆི་མཆོག་དང་མཇལ་མོལ་གནང་རྒྱུ་ཡིན་སྐོར་དང་ཁོང་གིས་འབར་མ་དང་ཨ་རིའི་བར་གྱི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག           

འབར་མའི་མང་གཙོ་མནའ་འབྲེལ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ནིཡན་ལྦིན་ཡིས་ལྕམ་ཨང་སན་སུ་ཆི་མཆོག་དང་ཨ་རིའི་དཔོན་རིགས་བར་གྱི་མཇལ་འཕྲད་གནང་རྒྱུའི་གནས་ཚུལ་དེ་དངོས་འབྲེལ་ཡིན་སྐོར་དག་ཐེར་གནང་ཡོད་པ་རེད་ སྔ་ལོ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་གཞུང་གིས་འབར་མའི་ཡུལ་ལ་ད་བར་ནུབ་ཕྱོགས་ཡུལ་ཁག་གིས་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེས་གྲུབ་འབྲས་དེ་ཙམ་ཐོན་གྱི་མེད་པ་གཟིགས་ནས་ཡུལ་དེའི་དྲག་པོའི་གཞུང་དང་འབྲེལ་བ་གནང་རྒྱུ་འགོ་འཛུགས་གནང་ཡོད་པ་རེད་ ཨ་མི་རི་ཀའི་ཕྱོགས་ཀྱི་སྲིད་བྱུས་ཀྱི་འགྱུར་བ་དེར་ལྕམ་ཨང་སན་སུ་ཆི་མཆོག་གིས་དགའ་བསུ་ཞུས་ཡོད་ཀྱང་ནུབ་ཕྱོགས་ཡུལ་ཁག་གིས་འབར་མའི་གཞུང་གིས་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་ཐོག་ཡར་རྒྱས་གཏོང་གི་ཡོད་མིན་ཐོག་དོ་སྣང་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད་པ་རེད་            སྔ་ལོ་ཕྱི་ཟླ་༡༡པའི་ནང་དང་ལོ་འདིའི་ཕྱི་ཟླ་༥པའི་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ཡུལ་ཁག་ལས་དོན་དྲུང་ཆེ་ཕྱག་རོགས་སྐུ་ཞབས་ཀཏ་ཀེམ་སྦེལ་ཡིས་གོང་ཞུས་བཞིན་འབར་མའི་གཞུང་གི་མི་སྣ་དང་མང་གཙོའི་དབུ་འཁྲིད་ལྕམ་ཨང་སན་སུ་ཆི་མཆོག་དང་མཇལ་མོལ་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org