འཛམ་གླིང་ནང་གོ་མཚོན་ནང་འདྲེན་མང་ཤོས་ཀྱི་གླིང་ཕྲན་།

ཨེ་ཤེ་ཡ་ནི་འཛམ་གླིང་ནང་ནས་གོ་མཚོན་ནང་འདྲེན་མང་ཤོས་བྱ་མཁན་གྱི་གླིང་ཕྲན་དེ་ཡིན་ལུགས་སྙན་ཐོ་ཞིག་འདོན་སྤེལ་གནང་བཞག

༄༅༎ཨེ་ཤེ་ཡ་ནི་འཛམ་གླིང་ནང་ནས་གོ་མཚོན་ནང་འདྲེན་མང་ཤོས་བྱ་མཁན་གྱི་གླིང་ཕྲན་དེ་ཡིན་ལུགས་སི་ཀྲོཀ་ཧོམ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་བསྟི་གནས་ཁང་གིས་དེ་རིང་སྙན་ཐོ་ཞིག་འདོན་སྤེལ་གནང་བཞག། སྙན་ཐོ་དེའི་ནང་ ཕྱི་ལོ་༢༠༠༢ནས་༠༦་ལོའི་རྩིས་ནས་ ༢༠༠༧་ནས་༡༡་ལོར་རྒྱལ་སྤྱིའི་ནང་གོ་མཚོན་ཆེ་གྲས་ཉོ་ཚོང་དང་ ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༢༤ཙམ་ཡར་འཕར་ཡོད་པ་དང་ འདས་པའི་ལོ་ལྔ་ནང་ ཨེ་ཤེ་ཡ་དང་ ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཚོས་གོ་མཚོན་ནང་འདྲེན་བརྒྱ་ཆ་༤༤ཙམ་བྱས་ཡོད་འདུག་།  དེའི་རྩིས་ནས་འདས་པའི་ལོ་ལྔའི་ནང་ ཡུ་རོབ་ཡུལ་གྲུ་ཁག་གིས་གོ་མཚོན་ནང་འདྲེན་བརྒྱ་ཆ་༡༩དང་ དཀྱིལ་ཤར་ཡུལ་གྲུས་བརྒྱ་ཆ་༡༧་ ལྷོ་བྱང་ཨ་མི་རི་ཀས་བརྒྱ་ཆ་༡༡་དང་ ཨབ་རི་ཀའི་ཡུལ་གྲུས་གོ་མཚོན་ནང་འདྲེན་བརྒྱ་ཆ་༩ཙམ་ལས་བྱས་མེད་པ་རེད་བཞག།
རྒྱ་གར་ནི་ཕྱི་ལོ་༢༠༠༧ནས་༡༡་བར་ གོ་མཚོན་མང་ཤོས་ནང་འདྲེན་བྱ་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་དང་  ཁྱིམ་མཚེས་པ་ཀི་སི་ཏན་ནི་གོ་མཚོན་མང་ཤོས་ནང་འདྲེན་བྱ་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་འདུག་། རྒྱ་གར་གྱིས་དྲག་པོའི་གོ་མཚོན་མང་ཤོས་ར་ཤི་ཡ་དང་ དབྱིན་ཡུལ་གྱི་ལག་ནས་ཉོ་གི་ཡོད་པ་དང་ པ་ཀི་སི་ཏན་གྱིས་རྒྱ་ནག་ནས་ཉོ་གི་ཡོད་འདུག་།
ཡང་གོ་མཚོན་ཕྱི་ཚོང་མང་ཤོས་བྱ་མཁན་ནི་ ཨ་མི་རི་ཀ་དང་ ར་ཤི་ཡ་ འཇར་མ་ཎི་ ཕ་རན་སི་ དབྱིན་ཇི་ཡིན་པ་རེད།  འདས་པའི་ལོ་ལྔའི་ནང་རྒྱ་ནག་གིས་ཕྱི་ནས་གོ་མཚོན་དེ་ཙམ་ཉོས་མེད་ཀྱང་ ཕྱི་ཚོང་མང་ཤོས་བྱ་མཁན་རྒྱལ་ཁབ་ཨང་དྲུག་པ་དེ་རྒྱ་ནག་ཆགས་ཡོད་ལུགས་སི་ཀྲོཀ་ཧོམ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་བསྟི་གནས་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་འཁོད་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org