བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག

རྒྱ་ནག་གཞུང་གིས་སླར་ཡང་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་བྱ་རྒྱུར་བཀག་འགོག་བྱས་ཡོད་པའི་སྐོར་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་ཅིག་གིས་འགྲེལ་བརྗོད་གནང་འདུག

༄༅།    །དེ་ཡང་རྒྱལ་སྤྱིའི་འགྲིམས་འགྲུལ་ལས་ཁང་ཞེས་པ་གསར་འཛུགས་གནང་མཁན་དང་།    དེའི་འགན་འཛིན་ཕྱག་རོགས་ཡིན་པ་Will Weber ཞུ་བས། ༡༩༨༦ ནས་བཟུང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་དུ་ཡུལ་སྐོར་དུ་མཉམ་ཁྲིད་བྱས་ནས་ངོ་ལོ་ཉི་ཤུ་ལྷག་ཕྱིན་ཡོད་པ་དང༌། ཁོང་གིས།  ད་ལྟ་མི་སུ་གཅིག་བོད་དུ་གཏོང་གི་མེད་པ་དང༌། ཉེ་ཆར་ཟླ་བ་འགའ་ཤས་གོང་དེར་རྒྱ་ནག་གཞུང་གིས། བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་རྒྱལ་ཁོངས་གཅིག་པ་ཡིན་པའི་མི་ལྔ་ལྷག་བྱས་པའི་ཤོག་ཁག་ཅིག་ལ་ཆོག་མཆན་སྤྲད་ཡོད་ཀྱང་།    ཕྱི་ཟླ་དགུ་པའི་ཚེས་༡ ནས་བཟུང་སླར་ཡང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཅིག་ཀྱང་བོད་དུ་བསྐྱོད་རྒྱུར་མཐོང་མཆན་Visa སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པས་མ་ཟད། རྒྱ་ནག་གཞུང་གིས་དུས་ཚོད་ཇི་ཙམ་བར་མཐོང་མཆན་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་མིན་དང༌། རྒྱུ་མཚན་ག་རེ་ལ་བརྟེན་ནས་མཚམས་འཇོག་བྱས་པའི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ད་དུང་Greaves ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་འགན་འཛིན་Anita Captain ཡིས། ན་ནིང་ཡང་རྒྱ་ནག་གཞུང་གིས་ད་རེས་ནང་བཞིན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་དུ་མ་བཏང་བར་བཀག་འགོག་བྱས་ཏེ་ཟླ་བ་གཅིག་རིང་བཀག་འགོག་བྱས་པ་དང༌། ད་རེས་དུས་ཚོད་ཇི་ཙམ་བཀག་འགོག་བྱེད་ཀྱི་ཡོད་མེད་ཤེས་རྟོགས་མེད་པས་མ་ཟད། ཁོང་ཚོས་ཀྱང་འགྲེལ་བརྗོད་གང་ཡང་བྱེད་ཀྱི་མེད་པའི་སྐོར་གསུང་ཡོད་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org