བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཚོར་དམིགས་ཡུལ་མི་འདྲ་བ་ཡོད་ནའང་མཉམ་རུབ་ཀྱིས་འཐབ་རྩོད་བྱ་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།

དཔེ་དབེ་འདིའི་ནང་ཁྱོན་དཔྱད་རྩོམ་༢༠ཡོད་པའི་ནང་ནས་རྒྱ་ཡིག་གི་རྩོམ་ཡིག་༡༦དང་། དབྱིན་ཡིག་གི་རྩོམ་ཡིག ༣ དེ་བཞིན་ཀོ་རེ་ཡའི་སྐད་ཡིག་གི་རྩོམ་ཡིག་གཅིག་བཅས་ཡོད་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་སྐབས། ༢༠༢༣།༡༠།༠༥ ཉིན། RFA/Tenzin Woser

སྤྱི་ཟླ་༡༠ པའི་ཚེས་༥ ཉིན་བཞུགས་སྒར་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དབུ་བཞུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་སྐྲུན་ཞུས་པའི་༼རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས།༽ཞེས་པའི་རྒྱ་ཡིག་གི་དཔེ་དེབ་ཅིག་དབུ་འབྱེད་གནང་ཞིང་། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཚོར་དམིགས་ཡུལ་མི་འདྲ་བ་ཡོད་ནའང་མཉམ་རུབ་ཀྱིས་འཐབ་རྩོད་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་། 

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་རྒྱལ་སྤྱི་རང་བཞིན་ཚོགས་འདུ་དེ་བཞིན་དེ་སྔོན་སྤྱི་༦ པའི་ཚེས་༨ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཐའེ་ཝན་དང་། བོད། ཡུ་གུར། ཧོང་ཀོང་། དེ་བཞིན་སོག་པོ་བཅས་ནས་རང་དབང་འཐབ་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། ཤེས་ཡོན་པ། མང་གཙོ་དོན་གཉེར་བ་། བོད་དོན་རྒྱབ་སྐྱོར་སོགས་མི་གྲངས་༧༠ ལྷག་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་ཤོངས་སུ་ལྷན་འཛོམས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་། རྒྱ་ནག་གྱི་མིང་། ཆིང་། མི་སེར་རྒྱལ་ཁབ། རྒྱ་དམར་གཞུང་བཅས་བར་གི་ཆོས་ལུགས་ཀྱི་འབྲེལ་བའི་སྐོར་གཏམ་བཤད་གནང་ཡོད་པ་མ་ཟད། གདུག་རྩུབ་སྲིད་དབང་ཚར་གཅོད་དང་སྤྱི་མཐུན་ལམ་ལུགས་གསར་འཛུགས། བོད་རྒྱ་བར་གྱི་དམངས་ཁྲོད་འབྲེལ་བ་ལ་གོ་སྐབས་དང་གདོང་ལེན་ཞེས་པའི་བརྗོད་གཞི་སོགས་ཀྱི་གཏམ་བཤད་དང་གོ་བསྡུར་གནང་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། འདི་ལྟ་བུའི་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་དེ་བཞིན་རྒྱ་གར་རྡ་རམ་ས་ལར་ཚོགས་ཐུབ་པ་དེས། རྒྱ་གར་གཞུང་གི་རྒྱབ་སྐྱོར་རྣམ་པ་མངོན་ཐུབ་པ་བྱུང་ཡོད་ལ། དཔེ་དེབ་དེས་ཀྱང་གསལ་སྟོན་བྱས་ཡོད་ཅེས་གསུངས་བྱུང་། 

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་རིང་བསམ་གྲུབ་ལགས་ནི་གོང་ཞུས་རྒྱ་ཡིག་དཔེ་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པ་དང་། ཁོང་གིས། དཔེ་དབེ་འདིའི་ནང་ཁྱོན་དཔྱད་རྩོམ་༢༠ ཡོད་པའི་ནང་ནས་རྒྱ་ཡིག་གི་རྩོམ་ཡིག་༡༦ དང་། དབྱིན་ཡིག་གི་རྩོམ་ཡིག༣ དེ་བཞིན་ཀོ་རེ་ཡའི་སྐད་ཡིག་གི་རྩོམ་ཡིག་གཅིག་བཅས་ཡོད་པ་འགྲེལ་བརྗོད་གནང་ཞིང་། ད་རེས་དཔེ་དེབ་འདི་པར་སྐྲུན་ཐུབ་པ་དེས་རྒྱ་ནག་གཞུང་ལ་བརྡ་ལེན་ཁ་གསལ་ཞིག་སྤྲོད་ཡོད་པ་གསུངས་སོང་། 

གཞན་ཡང་ཁ་སྔོན་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་ཚོགས་འདུ་དེའི་ཐོག་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ནོར་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལི་ཞོ་པོའི་བཟའ་ཟླ་ལྕམ་ལིའུ་ཞ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། 

གསར་འགོད་པ། བློ་བཟང་དགེ་ལེགས། 
དྲྭ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org