བོད་ནང་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐབས་སུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་བསྡུར་ཚོགས་འདུ་གནང་བཞིན་པ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་མཁས་པ་གདན་ཞུས་ཐོག་འབྱུང་འགྱུར་ལོ་ལྔའི་ནང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་སྐོར་གྱི་ཚོགས་འདུ་ཟབ་སྦྱོང་ཞིག་གནང་བཞིན་པ།

བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཟབ་སྦྱོང་སྐབས། ༢༠༢༤།༠༨།༢༠ཉིན། TPI

རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་གཏོར་བཤིག་ཚབས་ཆེ་བཏང་བའི་རྐྱེན་གྱིས། ཡོངས་གྲགས་བོད་ནང་འཛམ་གླིང་ཡུལ་གྲུ་ཀུན་ལས་ཀྱང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་མཚོན། བོད་ནང་འཁྱགས་རོམ་བཞུ་བ་དང་འབྲོག་ས་བྱེ་ཐང་དུ་འགྱུར་བཞིན་པ་སོགས་འབྱུང་བའི་གོད་ཆག་ཆེ་རུ་འགྲོ་བཞིན་པར་དམིགས་ཏེ།བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་སྟེ་ཕྱི་ཟླ་ ༨ པའི་ཚེས་ ༢༠ ནས་ ༢༢ བར་བཅས་ཉིན་གསུམ་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབྱུང་འགྱུར་ལོ་ལྔའི་ནང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་སྐོར། རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་མཁས་པ་གདན་ཞུས་ཀྱིས་ཚོགས་འདུ་ཟབ་སྦྱོང་ཞིག་གནང་བཞིན་པ་དེར། བོད་ནང་གནམ་གཤིས་འགྱུར་ལྡོག་གི་ཐོག་བོད་མི་རང་ངོས་ནས་ལས་དོན་ག་རེ་གནང་ཐུབ་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པར་བོད་མི་ཚོས་རྒྱལ་སྤྱིའི་ནང་ལས་འགུལ་ག་རེ་སྤེལ་དགོས་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཐུབ་ན་ནུས་པ་ཆེན་པོ་ཐོན་ཐུབ་པ་སོགས་གོ་བསྡུར་གནང་རྒྱུ་ནི་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས་ངོ་སྤྲོད་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཁོར་ཡུག་སྐོར་དམིགས་བསལ་ཆེད་མཁས་པ་དང་ལས་འགུལ་སྤེལ་བཞིན་པ་དང་སྤེལ་མྱོང་བ་ཁག་གིས་གསུང་བཤད་གནང་སྟེ། ཉིན་དང་པོར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ལྔ་བདམས་པའི་སྟེང་བགྲོ་གླེང་དང་། ཉིན་གཉིས་པར་གནད་དོན་ལྔ་དེ་དག་ལག་ལེན་ཐུབ་པའི་ཐབས་ཇུས་ཐོག་གོ་བསྡུར། ཉིན་གསུམ་པར་ལས་འགུལ་སྤེལ་བའི་ས་གནས་དང་དུས་ཚོད་གཏན་འབེབས་གནང་གི་ཡོད་པ་བཅས་ངོ་སྤྲོད་གནང་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་འབྱུང་འགྱུར་ལོ་ལྔའི་ནང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་གྲོས་བསྡུར་ཟབ་སྦྱོང་འདིར། བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་སྟེ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་རྡ་ས་ས་གནས་འགོ་འཛིན་གྱི་ཁོར་ཡུག་ཚན་པ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་སོགས་མི་སྣ་ཉི་ཤུ་ལྷག་འཛོམས་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༡ ལོར་བོད་མིས་བོད་ཀྱི་ཁོར་ཡུག་ལ་ལྟ་སྟངས་ཞེས་བོད་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་བའི་ཆེད་རྩོམ་ཕྱོགས་བསྒྲིགས་ཤིག་འདོན་སྤེལ་གནང་བའི་ནང་། བོད་ནང་འཁྱགས་རོམ་བཞུ་བཞིན་པ་དང་རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་པ། གཙང་བོ་ཆེ་ཁག་ལ་ཆུ་གློག་འཛུགས་སྐྲུན་གྱིས་འབག་བཙོག་ཚབས་ཆེ་ཤོར་བཞིན་པ་དང་། འབྲོག་པ་གནས་སྤོས་ཀྱིས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་བཞིན་པ། རྒྱ་ནག་གཞུང་གིས་བོད་མིའི་ཁོར་ཡུག་སྲུང་སྐྱོབ་དང་ས་སྐྱེས་རྡོ་སྐྱེས་ཀྱི་བདག་དབང་རྡོག་རོལ་གཏོང་བཞིན་པ་སོགས་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org