བོད་མི་མང་སྤྱི་འཐུས་སྐུ་ཚབ་ནས་ཡོ་རོབ་ནང་སྐོར་བསྐྱོད།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གི་གཙོས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། གཞན་ཡང་གནད་ཡོད་མི་སྣ་དང་མཇལ་མོལ།
-
2019-11-22 -
-
-
ཡོ་རོབ་ནང་སྐོར་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གི་གཙོས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་གནད་ཡོད་མི་སྣ་མང་པོ་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གནང་འདུག་ལ། ད་ལྟ་ཁོང་རྣམས་ནས་མུ་མཐུད་གནད་ཡོད་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་མཇལ་འཕྲད་གནང་བཞིན་པ་ཡིན་ལུགས་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་གི་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་གནང་འདུག
དེ་ཡང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་སྣེ་ཁྲིད་གནང་བའི་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་རྒྱལ་ཁབ་གསུམ་ནང་བོད་དོན་ཞུ་སྐུལ་གནང་བཞིན་པ་ལྟར་ ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་གི་བོད་དོན་ཞུ་སྐུལ་ལས་དོན་ཁག་གྲུབ་རྗེས་ ཕྱི་ཚེས་༡༨ ནས་༢༠ བར་ཉིན་གྲངས་གསུམ་རིང་སྤེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་བཞུགས་རྒྱུན་རིང་རེས་གཟའ་ལྷག་པའི་ཉིན་སྤྱི་འཐུས་རྣམ་པས་སྦེལ་ཇམ་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་། ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Samuel Cololati མཆོག་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Mikulas Peksa དང་། Martin Horwood མཆོག་དང་ལྷན་དུ་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཡིག་ངག་གཉིས་ཐོག་ནས་ཞུས་པར་ཁོང་རྣམ་པས་བློ་འཚབ་གནང་ཐོག་མ་འོངས་པར་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བཞག
ཡང་ཚེས་༡༩ཉིན་སྤྱི་འཐུས་རྣམ་པས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Fabio Massimo Castoldo མཆོག་དང་། གྲོས་ཚོགས་ཀྱི་འཐུས་མི་ལྕམ་Isabel Santos ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Manuel Pazarro བཅས་དང་མཇལ་འཕྲད་གནང་ནས། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་བགྲོ་གླེང་ལྷུག་པོ་གནང་འདུག་ལ། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཀྱང་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བཞག
ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྦར་སིལ་ནང་ཡོད་པའི་བོད་རིགས་རྣམས་དང་ཐུགས་འཕྲད་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་གནང་བཞག །