སྤྱི་ཚོགས་ཚན་རིག་བོད་སྐད་ཐོག་སློབ་ཁྲིད་གནང་ཐབས་ཟབ་སྦྱོང༌།

གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པའི་སྐོར།

༄༅༎གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་

གནས་ཚུལ་ནང་འཁོད་པར་གཞིགས་ན་ ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༤ནས་༢༩བར་ཉིན་གྲངས་དྲུག་རིང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་༢༤འི་སྔ་དྲོ་ས་རྭ་མཐོ་རིམ་སློབ་གཉེར་ཁང་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་འགོ་ཚུགས་གནང་ཡོད་འདུག ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ ས་རྭ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ དེ་བཞིན་ཤེས་རིག་གི་ཤེས་ཡོན་འགན་འཛིན་དང་དྲུང་ཆེ་ལས་འཕར་བཅས་ཆེད་ཕེབས་གནང་ཡོད་པ་དང་ ཟབ་སྦྱོང་ནང་སམ་བྷོ་ཊ་དང་བོད་ཁྱིམ་གཉིས་ནས་དགེ་རྒན་གྲངས་༢༠མཉམ་བཞུགས་གནང་ཡོད་པ་རེད་ ཟབ་སྦྱོང་ནང་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་གཞི་རྩ་འཛིན་ལྟར་རྩོམ་སྒྲིག་ཞུས་པའི་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིགས་དང་བོད་ཀྱི་རྒྱལ་རབས་ སྲིད་དོན་ཚན་རིགས་བཅས་སློབ་ཁྲིད་གནང་ཐབས་ ཞིབ་འཇུག་གནང་ཐབས་བཅས་ཀྱི་སློབ་ཁྲིད་གནང་གཏན་འཁེལ་ཡོད་པ་བཞིན་ དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་གི་ཤེས་ཡོན་འགན་འཛིན་ཨེ་ཨེས་རལྦཊཀྱིས་ས་ཁམས་རིག་པ་དང་ རྒྱལ་རབས་ སྲིད་དོན་ཚན་རིག་བཅས་ཀྱི་ཁྲིད་ཐབས་དང་  ས་རྭ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་ ནོར་གླིང་ཞིབ་འཇུག་ལྟེ་གནས་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་གཉིས་ནས་ རྒྱལ་རབས་ཁྲིད་ཐབས་ སྤྱི་འཐུས་པད་མ་འབྱུང་གནས་ལགས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ངོ་སྤྲོད་ཁྲིད་ཐབས་དང་ ཤེས་རིག་སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྩོམ་སྒྲིག་པ་བསོད་ནམས་བཟང་པོ་ལགས་དང་ བྷུ་ངྷ་སྐྱབས་གཉིས་ནས་ས་ཁམས་རིག་པ་བཅས་སློབ་ཁྲིད་གནང་གཏན་འཁེལ་ཡོད་པའི་ཁར་ ཟབ་སྦྱོང་པ་རྣམས་ནས་དཔེ་སྟོན་སློབ་གྲར་ལྟ་སྐོར་ཡང་གནང་གཏན་འཁེལ་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org