བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan)རང་དབང་གཟེངས་རྟགས་འབུལ་བཞེས་གནང་སོང་།

2023.06.09
བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan)རང་དབང་གཟེངས་རྟགས་འབུལ་བཞེས་གནང་སོང་། བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan)རང་དབང་གཟེངས་རྟགས་འབུལ་བཞེས་གནང་སྐབས། ༠༦།༠༩།༢༠༢༣
ནོར་སྡེ། /RFA

དེ་ཡང་འདི་ཚེས༩ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རང་དབང་དང་མང་གཙོའི་ལམ་ལུགས་དར་སྤེལ་ཆེད་ཕྱག་ལས་གནང་སྟེ་དམར་པོའི་རིང་ལུགས་གཙོས་པའི་བཙན་ཤེད་ཀྱི་དབང་བསྒྱུར་ལ་ངོ་རྒོལ་གནང་མཁན་རྣམས་ཀྱི་དྲན་རྟེན་ཆེད་མེ་ཏོག་ཕུལ་ནས་མཚན་ཐོ་ཀློག་པའི་ལོ་འཁོར་དུས་དྲན་ཐེངས་༡༦པ་དང་བསྟུན། དམར་ཤོག་རིང་ལུགས་འོག་གོད་ཆག་ཕོག་པའི་དྲན་རྟེན་ཐེབས་རྩ་ཁང་(The Victims of Communism Memorial Foundation)་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་གཙོ་འགན་བཞེས་མཁན་བོད་མི་ཨ་རིའི་མི་སེར་ཡིན་པ་བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan Medal of Freedom)་འམ་ཨ་རིའི་སྲིད་འཛིན་དམ་པ་(Truman)་དང་(Reagan)་གཉིས་ཀྱི་མཚན་ཐོག་གི་རང་དབང་གི་གཟེངས་རྟགས་དངོས་སུ་ཕུལ་གནང་སོང་།
བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ང་ལ་རང་དབང་གི་གཟེངས་རྟགས་ཞིག་ཐོབ་པ་འདི་ང་རང་སྒེར་གྱི་ལས་དོན་ཙམ་ལ་ངོས་འཛིན་གནང་བ་མ་ཡིན་པར། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་བོད་མི་ཚོའི་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རམ་འདེགས་གནང་མཁན་ཡོད་པ་ཞིག་མཚོན་པས། འདི་བརྒྱུད་བོད་སྤྱི་བའི་རྩ་དོན་འཐབ་རྩོད་དེ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་དོ་སྣང་འཕར་མ་ཡོང་བའི་རེ་བ་དང་གོ་སྐབས་ཞིག་ཆགས་ཡོད་པ་གསུངས་བྱུང་།

bhuchung Tsering Truman–Reagan (1).jpg
ཐེབས་རྩ་ཁང་དེའི་འབྲེལ་མཐུད་འགན་འཛིན་(Michal Harmota)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་ཁ་གཏད་གདོང་ལེན་གནང་སྟེ་ཡུན་རིང་བོད་དོན་འཐབ་རྩོད་གནང་དང་གནང་མུས་སོགས་ལ་ཆེ་བསྟོད་ཆེད་ང་ཚོས་ཁོང་ལ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་ཡིན་ཞེས་གསུངས་ཡོད།
ཐེབས་རྩ་ཁང་དེས་ད་རེས་རང་དབང་གི་གཟེངས་རྟགས་དེ་བུ་ཆུང་ཚེ་རིང་ལགས་སུ་ཕུལ་དགོས་དོན་ནི། རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཕྱི་ལོ་༡༩༦༠ལོར་བུ་ཆུང་ཚེ་རིང་ལགས། བོད་ནས་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་སྐུ་ངལ་འཛེམས་མེད་ཐོག་ནས་བོད་མི་མང་གི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཆགས་པ་དང་། ཁོང་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མཚོན་པར་བྱེད་མཁན་ཞིག་དང་། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་འགོག་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་དང་འབྲེལ། ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་བ་ཁག་ལ་མཉམ་ཞུགས་དང་། ཨ་རིའི་རྒྱལ་ཡོངས་ནང་གི་ཉམས་ཞིབ་ཁང་དང་དེ་བཞིན་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་བོད་ཀྱི་གནད་དོན་སྐོར་རྒྱུན་དུ་གཏམ་བཤད་གནང་བཞིན་ཡོད་པ་དང་། ད་ལྟའི་ཆར་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་ཉམས་ཞིབ་སྡེ་ཚན་གྱི་སྣེ་ཁྲིད་གནང་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་བཙན་གནོན་བྱེད་མུས་ཀྱི་དངོས་བདེན་གནས་ཚུལ་ཁག་ཁྱབ་སྤེལ་དང་། རྒྱ་ནག་གཞུང་གིས་བོད་མི་མང་ལ་གང་སྤྱིའི་ཐད་དབྱེ་འབྱེད་བྱེད་མུས་ཡིན་པ། བོད་ཀྱི་ཁོར་་ཡུག་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་པ་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་རེད།
མཛད་སྒོ་དེའི་ཐོག་ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་གཙོས་ཚོགས་སྡེ་འདྲ་མིན་གྱི་སྐུ་ཚབ་སོགས་ལྷན་འཛོམས་ཀྱིས་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་ས་ཡ་༡༠༠ལྷག་ཡོད་པ་རྣམས་ལ་རྗེས་དྲན་གནང་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎