ཨ་རི་དང་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་གང་མགྱོཊ་མཇལ་འཕྲད་གནང་སྲིད་པ།
ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ(Donald Trump)་མཆོག་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་འུན་མཇལ་འཕྲད་གནང་རྒྱུར་མོས་མཐུན་བྱུང་འདུག
-
2018-03-09 -
-
-
ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ(Donald Trump)་མཆོག་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་འུན་མཇལ་འཕྲད་གནང་རྒྱུར་མོས་མཐུན་བྱུང་འདུག
ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཐེབས་ནས་ཨ་རི་དང་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་འདི་ལོ་ཕྱི་ཟླ་ལྔ་པའི་ནང་མཇལ་འཕྲད་གནང་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་འཆར་གཞི་མཚམས་འཇོག་སྐོར་གྲོས་མོལ་གནང་སྲིད་པ་ཡིན་པ་ཉིན་ཤས་གོང་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་དང་མཇལ་མོལ་གནང་མཁན་ལྷོ་ཀོ་རེ་ཡིའི་རྒྱལ་ཁབ་བདེ་འཇགས་ལས་ཁང་གི་འགན་འཛིན་ཇོང་འུ་ཡོང་གིས་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་གནང་ཡོད་པ་རེད། ཁོང་གིས་གསུངས་ན། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུར་མོས་མཐུན་གནང་ཡོད་པ་མ་ཟད་གྲོས་མོལ་གྱི་ལས་རིམ་འགྲོ་བའི་དུས་ཡུན་རིང་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་སོགས་ཚོད་ལྟ་མི་བྱེད་རྒྱུའང་ཁས་ལེན་བྱས་ཡོད་པ་གསུངས་ཤིང་། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌ་ཏྲརམཔ་མཆོག་གིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་དང་མཇལ་འཕྲད་གནང་རྒྱུའི་ཁས་ལེན་གནང་ཡོད་པར་མ་ཟད། ཊུ་ཊར་སྤྱི་ཚོགས་དྲ་ལམ་ཐོག་སྲིད་འཛིན་ཏྲརམཔ་མཆོག་གིས། ཀིམ་ཇོང་ཨུན་དང་ལྷོ་ཀོ་རེ་ཡའི་སྐུ་ཚབ་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་སྐོར་གྲོས་མོལ་གནང་བ་ལས་མཚམས་འཇོག་རྒྱུའི་སྐོར་བརྗོད་ཡོད་པ་མ་རེད་ཅེས་དང་། བྱང་ཀོ་རེ་ཡས་དུས་སྐབས་དེའི་རིང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་མི་བྱེད་རྒྱུ་ཁས་ལེན་བྱས་པ་ནི་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཞིག་ཡིན་ན་ཡང་། གནད་དོན་ཐག་གཅོད་མ་བྱུང་བར་བྱང་ཀོ་རི་ཡའི་ཐོག་བཀེལ་བའི་དམ་དྲག་ཉེས་ཆད་རིགས་མཚམས་མི་འཇོག་ཅེས་བྲིས་ཡོད་པ་རེད།
༡༩༥༠ནས་༥༣བར་བྱུང་བའི་ལྷོ་བྱང་ཀོ་རེ་ཡའི་འཐབ་འཁྲུག་གི་རྗེས་སུ་ཨ་རི་དང་བྱང་ཀོ་རེ་ཡའི་བར་ཞི་བདེའི་གྲོས་མཐུན་བཞག་མེད་ལ། ཕྱི་འབྲེལ་ཡང་མེད། བྱང་ཀོ་རེ་ཡའི་གྲོས་མོལ་གྱི་འདུན་པ་ཡོད་ལུགས་བཤད་པར་ཕྱི་རོལ་ཡུལ་གྱི་དོགས་སེམས་བཅངས་ཡོད་ལ། བྱང་ཀོ་རེ་ཡའི་དེ་སྔ་ཡང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་མཚམས་བཞག་ནས་དཔལ་འབྱོར་རོགས་སྐྱོར་ལེན་ཐབས་བྱས་པ་དང་། མཐར་མཇུག་གྲོས་ཆོད་རྩིས་མེད་དུ་བཏང་བའི་གནས་ཚུལ་ཇི་སྙེད་གཅིག་བྱུང་ཡོད་པ་རེད།
ད་བར་ཨ་མི་རི་ཀའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་དབར་མཇལ་མོལ་བྱུང་མྱོང་མེད་ཅིང་། གལ་ཏེ་ཨ་རིའི་སྲིད་འཛིན་ཏྲརམཔ་དང་ཀིམ་ཇོང་ཨུན་དབར་མཇལ་འཕྲད་ཞིག་འབྱུང་ཚེ་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ་དང་། ཀརྨ་རྒྱ་མཚོ།