ཚེ་དབང་ཡེ་ཤེས་ལགས་མི་ལོ་དགུའི་རྗེས་བཙོན་གྲོལ་བྱུང་འདུག
དགེ་འདུན་པ་ཚེ་དབང་ཡེ་ཤེས་ལགས་རྒྱ་ནག་གཞུང་གིས་མི་ལོ་དགུ་ལ་བཙོན་འཇུག་བྱས་རྗེས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་འདུག
-
2017-04-07 -
-
-
དགེ་འདུན་པ་ཚེ་དབང་ཡེ་ཤེས་ལགས་རྒྱ་ནག་གཞུང་གིས་མི་ལོ་དགུ་ལ་བཙོན་འཇུག་བྱས་རྗེས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན། དགེ་འདུན་པ་ཚེ་དབང་ཡེ་ཤེས་ལགས་རྒྱ་ནག་གཞུང་གིས་མི་ལོ་དགུ་ལ་བཙོན་འཇུག་བྱས་རྗེས་ཕྱི་ཟླ་༤་པའི་ཚེས་༤ ཉིན་བཙོན་དུས་གཙང་ནས་ཕ་ཡུལ་ལ་འབྱོར་ཡོད་པ་དང་། དགོན་པའི་དགེ་འདུན་པ་དང་གྲོང་ཚོའི་མི་རྣམས་ཀྱིས་དགའ་བསུའི་སྣེ་ལེན་ཟབ་རྒྱས་གནང་ཡོད་པ་རེད།
ཁོང་ནི་དེ་སྔ་༢༠༠༨ལོའི་ཕྱི་ཟླ་༣པའི་ཚེས་༢༣ ཉིན་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་ཚུལ་གྱིས་གོ་འཇོ་སྐྱ་འབོར་ཡུལ་ཚོའི་ཐང་སྐྱ་དགོན་པའི་དགེ་འདུན་པ་བརྒྱད་འཛིན་བཟུང་གིས་ཚེ་བཙོན་དང་ལོ་ལྔ་ནས་བཅོ་ལྔ་བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་བའི་ཁོངས་ནས་ཡིན་འདུག
གནས་ཚུལ་ངོ་སྤྲོད་གནང་མཁན་མི་སྣ་ཞིག་གིས་གསུངས་ན། དགེ་འདུན་པ་ཚེ་དབང་ཡེ་ཤེས་ལགས་ནི་ཕལ་ཆེར་ད་ལོ་དགུང་གྲངས་༢༩ ཙམ་ཡིན་པ་ཡོད་ལ་༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༣ ཉིན་གོ་འཇོ་རྫོང་སྐྱ་འབོར་ཡུལ་ཚོའི་སྲིད་གཞུང་གི་ལས་ཁུངས་གཤམ་དུ་འབར་གས་ཤིག་བྱུང་བའི་དོན་རྐྱེན་དང་འབྲེལ་བའི་དོགས་གཞིའི་འོག་ཚེདབང་ཡེ་ཤེས་ལགས་གཙོས་དགེ་འདུན་པ་བརྒྱད་ལོ་དེའི་ཕྱི་ཟླ་བཞི་པའི་ནང་སྔ་རྗེས་སུ་འཇུ་བཟུང་བྱས་ཡོད་འདུག་ཅིང་། དགེ་འདུན་པ་བརྒྱད་པོ་དེ་དག་གིས་འབར་གས་དོན་རྐྱེན་དང་འབྲེལ་བ་མེད་པར་ཁོང་ཚོར་མ་ཉེས་ཁ་གཡོག་བྱས་པར་འབྲེལ་ཡོད་སྲིད་གཞུང་ནས་རྩད་གཅོད་མཐའ་གསལ་གནང་རོགས་ཞེས་རེ་སྐུལ་བྱས་ཡོད་ཀྱང་ཆབ་མདོ་འབྲིང་རིམ་ཁྲིམས་ཁང་ནས་༢༠༠༨་ལོའི་ཕྱི་ཟླ་༩པའི་ཚེས་༢༣ཉིན་ཁྲིམས་གཏུག་གི་ཁྲིམས་རྩོད་པ་གང་མེད་པར་བཙན་དབང་འོག་དགེ་འདུན་པ་དེ་དག་ལ་གསང་བའི་ཐོག་དུས་ཡུན་ལོ་༥ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།