རྒྱ་གར་ནང་བོད་དོན་ཛ་དྲག་གླེང་སློང་དགོས་བའི་བོད་དོན་གོམ་བགྲོད་མུ་མཐུད་དུ་གནང་བཞིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་གནང་བའི་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ནས་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཨ་སེ་པུར་བར་ཁྱོན་ཟླ་བ་གཅིག་ལྷག་ཙམ་དང་། རྒྱང་ཐག་སྤྱི་ལེ་༦༥༠་ལྷག་ཙམ་གྱི་སར་བོད་དོན་ཛ་དྲག་གླེང་སློང་དགོས་བའི་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་ནས་ད་བར་ཉིན་གྲངས་༡༠ཕྱིན་འདུག
གོམ་བགྲོད་ལས་འགུལ་ནང་མཉམ་དུ་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། བོད་དོན་ཛ་དྲག་གླེང་སློང་དགོས་བའི་གོམ་བགྲོད་ལས་འགུལ་གྱི་ཉིན་བཅུ་བར་རྒྱ་གར་ནང་ཚ་བ་ཡོད་མིན་ལ་མ་བལྟོས་བར། གོམ་བགྲོད་གནང་བཞིན་ལས་འགུལ་བ་རྣམས་བྷེང་གྷལ་མངའ་སྡེའི་ཨ་ལི་པུར་དུཝར་ས་ཆ་བརྒྱུད་ནས་གོམ་བགྲོད་གནང་བཞིན་པ་དང་། ལམ་བར་དུ་ཁྲོམ་གཞུང་སོགས་སུ་བོད་དོན་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་སོགས་གནང་བཞིན་ཡོད། ད་བར་གོམ་བགྲོད་པ་རྣམས་ས་གནས་གང་དུ་འབྱོར་ཀྱང་དེར་ཡོད་ས་གནས་མི་མང་ཚོས་རོགས་རམ་གང་ཐུབ་གནང་བཞིན་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་གཙོ་བོར་གྱུར་བའི་རྒྱ་གར་གྱི་གསར་ལམ་ཁག་གིས་དོ་སྣང་གནང་བཞིན་པ་ངོ་སྤྲོད་གནང་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་ཛ་དྲག་གླེང་སློང་དགོས་བའི་གོམ་བགྲོད་ལས་འགུལ་དེ་བཞིན། ཕྱི་ཟླ་བཞི་པའི་ཚེས་༢༩ཉིན་དབུ་འཛུགས་གནང་ནས་ད་བར་སྤྱི་ལེ་༣༠༠མ་ཟིན་ཙམ་ལ་གོམ་བགྲོད་གནང་ཡོད་པ་དང་། མུ་མཐུད་དུ་སྤྱི་ལེ་༤༠༠མ་ཟིན་ཙམ་གོམ་བགྲོད་གནང་རྒྱུ་ཡིན་འདུག་ལ། ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྲས་ནས་དགུང་ལོ་ཆེ་ཤོས་༧༠ཐམ་པ་དང་། ཆུང་ཤོས་༢༤ཡིན་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།