ཨ་རིའི་ནིའུ་ཡོག་གྲོང་དུ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་འཆར།
རྒྱ་ནག་གི་སྲིད་འཛིན་རིང་མིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྒྱལ་དོན་ཆེད་ཕེབས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ།
-
2009-09-18 -
-
-
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་ཐོག་ནས་གོ་སྒྲིག་གནང་ཏེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་རིང་མིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྒྱལ་དོན་ཆེད་ཕེབས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་འདུག
རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཅིག་ཉིན་ཨ་རིའི་ནང་འབྱོར་གྱི་ཡོད་པ་དང་ཕྱི་ཚེས་ཉི་ཤུ་གཉིས་ཉིན་ནིའུ་ཡོག་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་གནམ་གཤིས་འགྱུར་ལྡོག་གི་བརྗོད་གཞིའི་ཐོག་གི་ལྷན་ཚོགས་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་དེའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རི་ཐོག་ངག་དབང་བཀྲིས་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན་ཕྱི་ཚེས་ཉི་ཤུ་གཉིས་ཉིན་གྱི་སྔ་དྲོ་ཚོུད་བཅུ་པའི་ཐོག་ནས་འགོ་བཙུགས་སྟེ་ཕྱི་ཚེས་ཉི་ཤུ་གསུམ་དང་ཉི་ཤུ་བཞི་སོ་སོར་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་ནང་ནས་ཕྱི་ཚེས་ཉི་ཤུ་གཉིས་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་འཛོམས་ནས་ངོ་རྒོལ་སྐད་འབོད་བྱ་རྒྱུ་དང་འབྲེལ་དེའི་སྐབས་གསུང་བཤད་གནང་བར་རྒྱ་གར་ནས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་བསྟན་འཛིན་བཙོན་འགྲུས་ལགས་ཆེད་བསྔགས་གདན་ཞུ་གནང་ཡོད་པ་དང་དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲས་མཐོང་ལྷག་སྒྲོན་ལགས་དང་ཁོང་རང་བཅས་ནས་རིམ་པས་བཀའ་མོལ་གནང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག ཉེ་བའི་ལོ་ངོ་ཁ་ཤས་གོང་ནས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་གནང་རྒྱུ་གཙོ་བོའི་སྲིད་བྱུས་འཛིན་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་ཨ་རི་སོགས་ཕྱི་རྒྱལ་ཡུལ་ཁག་ཏུ་ཕེབས་པའི་སྐབས་ངོ་རྒོལ་སྐད་འབོད་ཀྱི་རིགས་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེག་གཏོང་བ་སོགས་ཀྱི་ལས་འགུལ་སྤེལ་རྒྱུའི་འབོད་སྐུལ་གནང་བའི་འོག་ངོ་རྒོལ་དེ་རིགས་ཁག་ནང་བོད་མི་མཉམ་ཞུགས་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་དང་ཡིན་ན་ཡང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་ཆེ་བའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད་བོད་མི་མང་པོ་བཙོན་འཇུག་བྱས་ནས་ད་དུང་ཡང་བོད་མི་མང་པོ་ཞིག་རྒྱ་ནག་གི་བཙོན་འཇུག་འོག་ཡོད་མུས་ཡིན་པར་བརྟེན་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་ཕྱི་རྒྱལ་ཡུལ་ཁག་ནང་ཡོད་པཔའི་བོད་མི་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་ངོ་རྒོལ་བྱེད་ཡས་ཀྱི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།