དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་བ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རིགས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་རྒྱལ་ཁའི་ངང་ཕྱིར་འཐེན་གནང་བ།
-
2009-03-22 -
-
-
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རིགས་གསུམ་གྱིས་རྒྱལ་ས་སྦ་ར་སེལ་སི་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་རྒྱལ་ཁའི་ངང་ཕྱིར་འཐེན་གནང་ཡོད་པ་རེད།
སྦེལ་ཇེམ་གྱི་རྒྱལ་ས་སྦ་ར་སེལ་སི་ནི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་ཞིང་བོད་རིགས་གསུམ་གྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་འགོ་བཙུགས་ནས་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་ལ་བཞུགས་ཡོད་པ་རེད། བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་ཚོགས་གཙོ་ཨེ་ཌི་ལྦ་དྲི་མེཀ་མི་ལེན་སི་ཀོཏ་མཆོག་ཟས་བཅད་ངོ་རྒོལ་ལ་བཞུགས་པའི་བོད་རིགས་གསུམ་མཇལ་འཕྲད་གནང་སྟེ་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་དགོས་པའི་བསྐུལ་མ་གནང་ཡོད་པ་རེད། རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པའི་ཉེར་ལེན་གྱིས་བོད་རིགས་མང་པོའི་ཚེ་སྲོག་འཕྲོག་ཡོད་ཅིང་ད་དུང་བོད་མིའི་ཚེ་སྲོག་ཤོར་ན་ཕངས་པོ་ཡིན་ལུགས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་ཚོགས་གཙོ་ཨེ་ཌི་ལྦ་དྲི་མེཀ་མི་ལེན་སི་ཀོཏ་གྱིས་གསུངས་གནང་འདུག བོད་ལ་རང་དབང་དང་རང་བཙན་གཙང་མ་དགོས་ཀྱི་རེད། ཁྱེད་རྣམ་པས་ཡོ་རོབ་ཀྱི་སྒྲིག་འཛུགས་ཁག་ལ་བོད་ཀྱི་གནད་དོན་གནད་ལ་འཕིགས་པ་བརྡ་སྤྲོད་གནང་ཐུབ་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་ཁོང་གིས་མུ་མཐུད་གསུངས་གནང་འདུག མདོ་དོན་ཉེ་ལམ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་བོད་དོན་ཐོག་འཛིན་གནང་མཛད་པའི་གྲོས་ཆོད་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱབ་སྐྱོར་གྱི་ཕྱག་བྲིས་གནང་བ་མ་ཟད་ཚོགས་གཞོན་དངོས་སུ་ཟས་བཅད་ངོ་རྒོལ་བ་མཇལ་འཕྲད་གནང་བ་བཅས་ལ་བརྟེན་རེ་ཞིག་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པ་ཡིན་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསལ་བསྒྲགས་གནང་འདུག།