མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་བལ་ཡུལ་དུ་ཕེབས་རྒྱུ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་ཟླ་བ་འདིའི་ནང་བལ་ཡུལ་ནང་གཟིགས་སྐོར་དུ་ཕེབས་གནང་གཏན་འཁེལ་ཡོད་འདུག

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་ཟླ་བ་འདིའི་ནང་བལ་ཡུལ་ནང་གཟིགས་སྐོར་དུ་ཕེབས་གནང་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ཚོགས་ཀྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་དྲུང་ཆེ་སྦན་ཀི་མུན་མཆོག་རིང་མིན་ཕི་ལི་པིན་དང་རྒྱ་གར།སྦང་ལ་རྡེ་ཤི་བཅས་སུ་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་གཏན་འཁེལ་ཡོད་འདུག ད་ལྟའི་ཆར་དུས་ཚེས་གསལ་བསྒྲགས་གནང་མེད་ཀྱང་དྲུང་ཆེ་མཆོག་བལ་ཡུལ་དུ་ཕེབས་སྐབས་སྲིད་འཛིན་རམ་སྦ་རན་ཡ་རྡལྦན་མཆོག་དང་སྲི་ད་བློན་པར་ཅན་རྡ་མཆོག་དང་གྲོས་ཚོགས་ཀྱི་འཐུས་མི་བཅས་མཇལ་འཕྲད་གནང་རྒྱུ་ཡིན་འདུག

དྲུང་ཆེ་སྦན་ཀི་མུན་མཆོག་གཟིགས་སྐོར་གྱི་ཞོར་དུ་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་ཡུལ་གནས་ཆེན་ལུམ་སྦི་ནིར་གནས་མཇལ་དུའང་ཕེབས་ཀྱི་ཡོད་འདུག དྲུང་ཆེ་མཆོག་ཐོག་མར་ཕི་ལི་པིནག་གྱི་རྒྱལ་ས་མ་ཎི་ལར་རྒྱལ་སྤྱིའི་གཞིས་སྤོས་དང་འཛུགས་བསྐྲུན་གྱི་ཚོགས་ཆེན་གཉིས་པའི་ཐོག་གསུང་བཤད་གནང་རྒྱུ་དང་ཡུལ་དེའི་གཙུག་ལག་སློབ་གྲྭ་ཆེན་མོས་དྲུང་ཆེ་མཆོག་ལ་མཁས་དབང་གི་མཚན་གནས་འབུལ་བཞེས་གནང་རྒྱུ་ཡིན་འདུག དེ་ནས་དྲུང་ཆེ་མཆོག་རྒྱ་གར་ནང་ཕེབས་ཏེ་སྲིད་འཛིན་པ་ར་ཏི་སྦ་པ་ཊེལ་མཆོག་དང་སྲིད་བློན་མན་མོ་ཧན་སིང་མཆོག་རྣམ་གཉིས་དང་དཔོན་རིགས་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་གནང་རྗེས་སྲིད་བློན་དམ་པ་ར་ཇིལྦ་གན་རྡི་ཐེབས་རྩར་གསུང་བཤད་དང་ཁོར་ཡུག་གི་ཚོང་དཔོན་ཁག་ཅིག་མཇལ་འཕྲད་གནང་གི་འདུག དེ་རྗེས་དྲུང་ཆེ་མཆོག་སྦང་ལ་རྡེ་ཤིར་ཕེབས་ཏེ་སྲིད་འཛིན་ཨི་འ་ཇུརྡིན་ཨེ་མརྡ་གཙོས་པའི་མཐོ་རིམ་དཔོན་རིགས་དང་མཇལ་འཕྲད་དང་དཔལ་འབྱོར་འཛུགས་སྐྲུན་དང་འབྱུང་བའི་རྐྱེན་ངན་ཟློག་ཐབས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org