འབར་མའི་ནང་ཕྲུ་གུ་དམག་ཁོངས་བཅུག་པ་མཚམས་འཇོག་སྐོར།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁོང་ཚོའི་འཐུས་མིའི་རུ་ཁག་ཅིག་འབར་མའི་ནང་ཆེད་གཏོང་གནང་རྒྱུ་ཡིན་པ་རེད།
-
2009-08-05 -
-
-
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁོང་ཚོའི་འཐུས་མིའི་རུ་ཁག་ཅིག་འབར་མའི་ནང་ཆེད་གཏོང་གནང་སྟེ་འབར་མའི་དྲག་པོའི་གཞུང་དང་གྱེན་ལོག་ཤོག་ཁག་གིས་དམག་འཐབ་ནང་ཕྲུ་གུ་དམག་ཁོངས་སུ་བེད་སྤྱོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་སྙན་ཐོ་ཞིག་བཏོན་པའི་ནང་འབར་མའི་དྲག་པོའི་གཞུང་གི་དམག་ཁོངས་དང་དེ་བཞིན་འབར་མའི་ཤར་ཕྱོགས་སུ་ཡོད་པའི་ཀ་རེན་གྲངས་ཉུང་མི་རིགས་ཀྱི་གྱེན་ལོག་ཤོག་ཁག་གི་ཡུལ་དམག་གི་ནང་དུ་ཕྲུ་གུ་དམག་མིའི་ཁོངས་སུ་བསྡུ་བསྐོང་བྱས་ཏེ་དམག་འཐབ་བྱེད་དུ་བཅུག་གི་ཡོད་པར་སྐྱོན་བརྗོད་གནང་བ་མ་ཟད་དེ་ནི་འབར་མའི་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་པོས་ཚབས་ཆེའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས་དྲག་པོའི་གཞུང་གིས་ཕྲུ་གུ་དམག་མིའི་ནང་བསྡུ་སྐོང་བྱེད་པའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་བཞིན་དངོས་སུ་ལག་བསྟར་བྱ་རྒྱུའི་རྣམ་པ་ཙམ་ཡང་ཐོན་མེད་པ་དང་ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པ་གྱེན་ལོག་ཤོག་ཁག་ཡོད་སར་འགྲོ་བསྐྱོད་བཀག་བསྡོམས་བྱས་པའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཡིན་ནའང་དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྲུ་གུའི་དཀའ་ངལ་དང་དམག་འཁྲུག་དུམ་འགྲིག་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་ལྕམ་ར་རྡི་ཀ་ཁུ་མར་སུ་ལྦ་མི་ཡིས་གསར་འགོད་ལྷན་ཚོགས་ཐོག་གསུངས་ན་འབར་མའི་རྒྱལ་ཁབ་ནང་བཟང་ཕྱོགས་ཀྱི་ཡར་རྒྱས་ཕྲན་བུ་བཏང་ཡོད་པ་དང་དེ་ནི་དྲག་པོའི་གཞུང་གིས་ཕྲུ་གུ་ཁག་ཅིག་ལ་རང་དབང་སྤྲད་ཡོད་ཅིང་ཡིན་ནའང་ད་དུང་ཡར་རྒྱས་གཏོང་དགོས་པའི་ཆ་མང་པོ་ཡོད་པར་བརྟེན་རིན་མིན་ཟླ་བ་འདིའི་ཟླ་མཇུག་ཏུ་སྐུ་ཚབ་ཚོགས་པ་ཞིག་འབར་མར་ཆེད་གཏོང་གིས་དྲག་པོའི་གྱེན་ལོག་ཤོག་ཁག་དང་བཀའ་བསྡུར་གནང་སྟེ་གཞུང་བར་གྱི་དྲག་པོའི་དམག་འཐབ་ནང་ཕྲུ་གུ་བེད་སྤྱོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།