ཨ་མེ་རི་ཀ་དང་ཏ་ལི་བན་དབར་གྲོས་མོལ་བྱེད་བཞིན་པ།
ཨཕ་ག་ནིསྟན་གྱི་སྲི་འཛིན་ཀར་ཛཡིས་ཨ་མེ་རི་ཀ་དང་ཏ་ལི་བན་དབར་གྲོས་མོལ་བྱེད་བཞིན་ཡོད་པ་གསུངས་འདུག
-
2011-06-18 -
-
-
༄༅༎གཟའ་སྤེན་པའི་ཉིན་ཨཕ་ག་ནིསྟན་གྱི་སྲིད་འཛིན་ཧ་མིད་ཀར་ཛཡིས་ཨ་མི་རི་ཀའི་ངོས་ནས་ཏ་ལི་བན་དང་གྲོས་མོལ་བྱེད་བཞིན་ཡོད་པ་གསུངས་འདུག།
ཁོང་གིས་ཏ་ལི་བན་དང་གྲོས་མོལ་འགོ་བཙུགས་ཟིན་པར་མ་ཟད་གྲོས་མོལ་བཟང་པོ་བྱུང་བཞིན་ཡོད་པ་རེད་ཅེས་གསུངས་ཞིང། འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་གཞུང་འབྲེལ་གྱི་ཐོག་ནས་ཨ་མི་རི་ཀ་དང་ཏ་ལི་བན་དབར་གྲོས་མོལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཁྱབ་སྤེལ་བྱུང་བ་ཐོག་མ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཨ་མེ་རི་ཀའི་ནང་དགུ་བཅུ་གཅིག་གི་དོན་རྐྱེན་བྱུང་རྗེས ཨཕ་ག་ནིསྟན་ཐོག་དྲག་རྒོལ་གྱི་ལས་འགུལ་སྤེལ་སྟེ་ད་ཆ་ལོ་བཅུ་འཁོར་གྲབ་ཡོད་ཅིང་། ཨ་མེ་རི་ཀའི་ཨཕ་ག་ནིསྟན་གྱི་དཀའ་རྙོག་དེ་ཆབ་སྲིད་ཀྱི་མོས་མཐུན་ལྡན་པ་ཞིག་གི་ཐོག་སེལ་ཐབས་དགོས་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
ལོ་འདིའི་འགོ་སྟོད་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཏ་ལི་བན་གྱི་ངོས་ནས་ཨལ་ཀཡེ་རྡ་དང་འབྲེལ་ལམ་བཅད་སྟེ་ཨཕ་གནིསྟན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་ལ་བཞག་སྟེ་ཕན་ཚུན་འགྲིག་ཐབས་བྱེད་དགོས་སྐོར་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་ངོས་ནས་ཏ་ལི་བན་དང་གྲོས་མོལ་བྱེད་འགོ་བཙུགས་ཟིན་པའི་གནས་ཚུལ་བདེན་པ་ཡིན་སྲིད་ཀྱང་ཡུལ་དེའི་ནང་གནས་སྡོད་ནུབ་ཕྱོགས་ཡུལ་གྲུའི་དཔོན་རིགས་ཚོས་ཏ་ལི་བན་དང་འབྲེལ་བའི་བརྒྱུད་རིམ་འགོ་བཙུགས་ཙམ་ཡིན་པ་དང་ འབྲེལ་ལམ་དེ་བརྒྱུད་སྟེ་ཏ་ལི་བན་གྱི་འགོ་འཁྲིད་མི་སྣ་ཚོ་དང་འབྲེལ་བ་འཐུད་ཐབས་བྱེད་བཞིན་ཡོད་པ་ཕེརནསི་གསར་ལས་ཁང་ལ་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག།