ཨ་རིས་རྒྱ་ནག་དང་ཐའེ་ལྦན་ལ་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད།

ཨ་རིའི་གཞུང་ནས་རྒྱ་ནག་ལ་བསྟུན་མཁས་ཆེ་དྲག་པ་དང་ཐའེ་ལྦན་ལ་མཐོང་ཆུང་བཏང་དྲག་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

༄༅༎ཨ་རིའི་གཞུང་ནས་རྒྱ་ནག་ལ་བསྟུན་མཁས་ཆེ་དྲག་པ་དང་། ཐའེ་ལྦན་ལ་མཐོང་ཆུང་བཏང་དྲག་གི་འདུག་ཅེས་ཐའེ་ལྦན་དང་ཨ་རིའི་ཚོང་པའི་ལྷན་ཚོགས་ནས་སྐྱོན་བརྗོད་བྱས་ཡོད་འདུག

ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་ཟུར་པ་སྐུ་ཞབས་པོལ་ ལྦུལ་ཕོ་ལྦིཛ་མཆོག་གིས་སྣེ་འཁྲིད་པའི་ཨ་རི་དང་ཐའེ་ལྦན་ཚོང་འབྲེལ་ལྷན་ཚོགས་ནས་བདུན་ཕྲག་འདིའི་ནང་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ཕྱི་ལོ་༢༠༠༨ལོ་ནས་བཟུང་ཨ་རིའི་གཞུང་ནས་ཐའེ་ལྦན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་དེས་རྒྱ་ནག་ལ་ཁེ་ཕན་བྱུང་ཡོད་ལུགས་གསུངས་ནས་རྒྱ་ནག་ལ་བསྟུན་མཁས་ཆེ་དྲག་པ་དེས་ཐའེ་ལྦན་ལ་སྲུང་སྐྱོབ་བྱེད་རྒྱུའི་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུར་འཐུས་ཤོར་བཏང་ཡོད་རེད་ཅེས་སྐྱོན་བརྗོད་བྱེད་ཡོད་པ་རེད། ཡང་ལྷན་ཚོགས་ནས་མུ་མཐུད་ནས། རྒྱ་ནག་ནས་ཐའེ་ལྦན་ལ་དམིགས་ནས་མེ་ཤུགས་འཕུར་མདེལ་དང་དམག་དོན་རྒྱ་སྐྱེད་བཏང་དང་གཏོང་བཞིན་ཡོད་པ་སོགས་རྒྱ་ནག་ནས་དམག་དོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བཞིན་པ་དེས་ཐའེ་ལྦན་གྱི་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་ཞིག་བཟོ་གི་ཡོད་རེད་ཅེས་འགྲེལ་བརྗོད་བྱེད་ཡོད་པ་རེད།

ཐའེ་ལྦན་ངོས་ནས་ཕྱི་ལོ་༢༠༠༧ལོར་གནམ་དམག་གནམ་གྲུ་༦༦ཙམ་སྤུས་ཉོ་བྱེད་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་རྒྱ་ནག་ལ་ཞེད་སྣང་བྱས་ནས་ཨ་མི་རི་ཀའི་སྲིད་གཞུང་ནས་ད་བར་ནར་འགྱངས་བཏང་ཡོད་ལུགས་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་ནས་ཨ་རིར་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱས་པ་ཡིན་ན་དེ་ནི་མཚོ་འགག་གཉིས་ཟླ་བསྒྲིལ་གཏོང་རྒྱུར་འགོག་རྐྱེན་ཆགས་ཀྱི་ཡོད་ལུགས་བཤད་ནས་དགག་ཆ་བྱེད་ཀྱི་ཡོད་པ་རེད། ཐའེ་ལྦན་སྲིད་གཞུང་ནས་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་མཉམ་དེ་སྔའི་དྲན་ཤུ་སྦེན་མཆོག་གི་མང་གཙོ་ཚོགས་པའི་གཞུང་དང་མི་འདྲ་བར་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་བཟང་དུ་བཏང་ཡོད་ཀྱང་ས་མཚམས་སུ་དམག་དཔུང་བཞག་རྒྱུ་ནི་ཕྱིར་འཐེན་བྱས་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org