ཨ་རིའི་གྲོས་ཚོགས་འཐུས་མིས་འབར་མའི་དབུ་ཁྲིད་མཇལ་འཕྲད།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ལྦེབ་འབར་མའི་དྲག་པོའི་དབུ་ཁྲིད་དང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་མཇལ་འཕྲད་གནང་བ།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ལྦེབ་འབར་མའི་དྲག་པོའི་དབུ་ཁྲིད་དང་བཟང་བཙོན་དུ་ཡོད་པའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨན་སུ་སུ་ཀི་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་མ་ཟད་ཨ་རིའི་བཙོན་པ་ཇེམ་སེ་ཡ་ཏོའུ་ཡང་གློད་འགྲོལ་གཏང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ལྦེབ་འབར་མའི་དྲག་པོའི་སྲིད་གཞུང་གི་དབུ་ཁྲིད་ཐན་ཤ་ལྦེ་མཇལ་འཕྲད་གནང་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་དང་དེ་རྗེས་ཉེ་དུས་བསྐྱར་དུ་ལོ་གཅིག་དང་ཕྱེད་ཀའི་རིང་བཟང་བཙོན་གྱི་ཉེས་ཆད་ཕོག་པ་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨང་སང་སུ་ཀི་ཡང་མཇལ་གནང་ཐུབ་ཡོད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཨ་རི་བ་ཇོན་ཧ་ཏོལྦ་ཟེར་བས་ཨན་སུ་སུ་ཀིའི་བཞུགས་གནས་སུ་བཙན་འཛུལ་བའི་ནག་ཉེས་འོག་ལོ་བདུན་རིང་བཙོན་འཇུག་བྱས་པ་དེ་ཡང་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པར་གློད་འགྲོལ་གཏང་རྒྱུར་དྲག་པོའི་གཞུང་གིས་ངོས་ལེན་བྱས་ཡོད་འདུག ཇིམ་ལྦེབ་དོ་བདག་བཙོན་ཁང་ནང་ཐུགས་འཕྲད་གནང་མེད་ཀྱང་དྲག་པོའི་གཞུང་གིས་ཇོན་ཡ་ཊོལྦ་ཕྱིར་འབུད་ཀྱི་ངོ་བོའི་ཐོག་ནས་ཕྱིར་ལོག་བྱེད་རྒྱུར་ཁས་ལེན་བྱས་ཡོད་འདུག གནས་ཚུལ་སྔ་རྗེས་ཐོན་པར་གཞིགས་ན་དང་ཐོག་དོ་བདག་ཇིམ་ལྦེབ་ཕྱིར་ཕེབས་གནང་བའི་རྗེས་སུ་གཏང་རྒྱུར་ཐག་གཅོད་བྱས་ཡོད་ཀྱང་ད་ཆ་ཁོང་གཉིས་མཉམ་དུ་ཕྱིར་ལོག་གནང་གཏན་འཁེལ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གྲོས་ཚོགས་གོང་མའི་འཐུས་མི་ཇིམ་ལྦེབ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་རྒྱུས་འདྲིས་ཆེན་པོ་ཡོད་པར་བརྟེན་ཨ་རིའི་གཞུང་གིས་འབར་མའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པར་ངོས་འཛིན་བྱེད་གཞི་ཆགས་ཡང་ཡོད་འདུག འོན་ཀྱང་འབར་མའི་གཞུང་ལ་མི་དགའ་བ་ཚོས་ད་རིང་གི་གཟིགས་སྐོར་འདི་བེད་སྤྱོད་ལོག་པ་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག ཁོང་ཚོའི་འདོད་ཚུལ་ལ་དྲག་པོའི་སྲིད་གཞུང་གིས་ཨང་སང་སུ་ཀི་གཙོས་པའི་ཆབ་སྲིད་ཀྱི་བཙོན་པ་༢༡༠༠ལྷག་ཡོད་པ་དེ་དག་གི་ཐད་དྲག་གནོན་བྱེད་བཞིན་པ་དེར་ཨ་རིའི་སྲིད་གཞུང་གིས་ངོས་ལེན་གནང་གི་ཡོད་པའི་རྣམ་པ་ཐོན་ཡོད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org