ཨ་རིས་ཐའེ་ལྦན་ལ་མེ་ཤུགས་འཕུར་མདེལ་ཚོང་འགྲེམས་བྱེད་རྒྱུ།
ཨ་རིས་ཐའེ་ལྦན་ལ་སླར་ཡང་མུ་མཐུད་ནས་མཚོ་དམག་གི་མེ་ཤུགས་འཕུར་མདེལ་དྲུག་བཅུ་ཙམ་ཚོང་རྒྱུའི་ཐག་ཆོད་བྱུང་ཡོད་འདུག
-
2008-08-27 -
-
-
༄༅༎དུས་ཡུན་གང་འཚམས་རིང་ནས་བཟུང་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུ་མཚམས་བཞག་ཡོད་ནའང་ད་ཆ་སླར་ཡང་མུ་མཐུད་ནས་མཚོ་དམག་གི་མེ་ཤུགས་འཕུར་མདེལ་དྲུག་བཅུ་ཙམ་ཚོང་རྒྱུའི་ཐག་ཆོད་བྱུང་ཡོད་པ་ནི་ཌོ་ལར་ས་ཡ་དགུ་བཅུ་ཙམ་གྱི་ཚོང་འབྲེལ་ཆགས་ཀྱི་ཡོད་འདུག
གནད་དོན་འདིའི་ཐོག་ཐའེ་ལྦན་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་ཆེན་པོ་ཨེན་དྲི་རུ་ ཡང་ནས། རྒྱ་ནག་དང་ཐའེ་ལྦན་མཚོ་ཁ་གཉིས་དབར་རྙོག་དྲ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་བརྩིས་ནས་ཨ་རིས་གོ་མཚོན་ཚོང་འགྲེམས་བྱེད་རྒྱུ་མཚམས་བཞག་ཡོད་ཀྱང་ད་ཆ་མུ་མཐུད་ནས་ཚོང་བསྒྱུར་བྱེད་འཆར་དེ་ནི་རྟགས་མཚན་ཡག་པོ་ཞིག་རེད་ལ་དེ་ནི་ཐའེ་ལྦན་གྱི་སྲུང་སྐྱོབ་ཆེད་རེ་སྐུལ་ཞུས་པར་ཨ་རིས་ངོས་ལེན་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་རེད་ཅེས་དཔྱད་ཞིབ་གནང་ཡོད་འདུག
སྔ་ལོ་ཨ་རིའི་འབྲེལ་ཡོད་ཚན་པས། གོང་ཞུས་མེ་ཤུགས་འཕུར་མདེལ་དེ་དག་ཐའེ་ལྦན་ལ་ཚོང་འབྲེལ་བྱས་པ་ཡིན་ན་དེས་ཐའེ་ལྦན་གྱི་ཆབ་སྲིད་དང༌། སྲུང་སྐྱོབ། དཔལ་འབྱོར་བཅས་པ་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་ནས་ཚོང་འབྲེལ་བྱེད་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་སྐབས་དེའི་ཐའེ་ལྦན་གྱི་སྲིད་འཛིན་དྲན་ཧྲུ་བེན་ནས་རྒྱ་ནག་ལ་འཇིགས་སྐུལ་བྱེད་རྒྱུའི་བློ་སྤོབས་སྐྱེས་གཞིའི་ཉེན་ཁ་གཟིགས་ནས་ཨ་རིས་ཚོང་འབྲེལ་ཕྱིར་འཐེན་བྱས་པ་ཞིག་ཡིན་པ་རེད། འོན་ཀྱང་འདི་ལོ་གོ་མིང་ཏང་ཚོགས་པའི་མའ་དབྱིང་ཇུ་སྲིད་འཛིན་བསྐོ་འདེམས་བྱུང་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་ཟབ་ཏུ་ཕྱིན་པ་དེས་སླར་ཡང་ཨ་རིས་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུ་འགོ་འཛུགས་རྒྱུའི་འཆར་གཞི་གཏིང་པ་ཞིག་ཡིན་པ་རེད།