ཨ་རིས་མཉམ་འབྲེལ་རྒྱལ་ཚོཌ་དང་ཟུང་འབྲེལ་ལས་དོན་བྱེད་འདོད།

ཨ་རིའི་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཟུང་འབྲེལ་གྱི་ཐོག་ནས་ལས་དོན་སྤེལ་རྒྱུའི་སྲིད་བྱུས་འཛིན་རྒྱུ་ཡིན་ལུགས་གསུངས་འདུག

༄༅༎ཨ་རིའི་གཞུང་ནས་དེ་སྔའི་སྦུ་ཤིའི་སྲིད་གཞུང་དང་མི་འདྲ་བར་མཉམ་འབྲེལ་རྒྱལ་ཚོགས་དང་ཟུང་འབྲེལ་གྱི་ཐོག་ནས་ལས་དོན་སྤེལ་རྒྱུའི་སྲིད་བྱུས་འཛིན་རྒྱུ་ཡིན་ལུགས་གསུངས་འདུག

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་ཨ་རིའི་སྐུ་ཚབ་ལྕམ་སུ་སན་ར་ཡི་སེ་མཆོག་གིས་རེས་གཟའ་ལྷག་པའི་ཉིན་ནིའུ་ཡོག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུངས་བཤད་ཅིག་གནང་བའི་སྐབས་རྒྱལ་སྤྱིའི་ནང་གནད་དོན་མང་པོ་ཞིག་གདོང་ལེན་བྱེད་རྒྱུར་ཨ་རིའི་སྣེ་འཁྲིད་བྱེད་རྒྱུ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་རེད། འོན་ཀྱང་དེ་དང་ཆབས་ཅིག་རྒྱལ་ཁབ་དང་དབུ་འཁྲིད་གཞན་མང་པོ་ཞིག་མཉམ་ཟུང་འབྲེལ་གྱི་ཐོག་ནས་ལས་དོན་སྤེལ་དགོས་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཞིག་ཡིན་དུས་ཨ་རིའི་སྲིད་གཞུང་ངོས་ནས་དེ་སྔའི་ནོར་འཁྲུལ་རྣམས་ངོས་ལེན་བྱེད་པའི་ཐོག་ནས་སྲིད་བྱུས་གསར་པ་དང་ཐབས་བྱུས་གཞན་པའི་ཐོག་ནས་གཞན་ལའང་གུས་བརྩོ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ནས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་མཉམ་འབྲེལ་མཐུད་བྱེད་རྒྱུའི་དུས་རབས་གསར་པ་ཞིག་འགོ་འཛུགས་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ནས་གང་ལྟར་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུ་ཤིའི་སྲིད་གཞུང་རྙིང་པའི་སྲིད་བྱུས་ལས་ལོགས་སུ་གནང་རྒྱུའི་བརྡ་ལན་སྤྲད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org