བོད་མི་རྣམས་རྡོག་གཅིག་ཏུ་བསྒྲིལ་དགོས།
བཀའ་ཁྲི་ནས་བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་གང་ཡིན་པ་དེར་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱབ་སྐྱོར་དང་ལས་འགུལ་སྤེལ་དགོས་གསུངས།
-
2012-08-03 -
-
-
༄༅། །བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ལི་ཀོ་པིའི་བོད་མིའི་གཞིས་ཆགས་སུ་འཚམས་འདྲིར་ཕེབས་ཏེ། ཕྱི་ཟླ་བརྒྱད་པའི་ཚེས་༡ ཉིན་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་གཞིས་གྲོང་གི་མི་མང་ལ་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ད་ལྟའི་འཆར་བོད་ནང་དུ་ཛ་དྲག་གི་གནས་བབ་ཞིག་ཏུ་གྱུར་བའི་སྐབས། བཀའ་ཤག་གི་ཐོག་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུར་གལ་འགངས་ཆེན་པོར་ངོས་འཛིན་གནང་སྟེ། བཀའ་བློན་ཁྲི་པ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཀྱི་ཡོད་སྐོར་སོགས་གསུངས་འདུག དེ་ཉིན་ད་དུང་། གསར་འགོད་པ་ཞིག་གིས་བོད་མིའི་རང་དབང་གི་འཐབ་རྩོད་ནང་གཞོན་སྐྱེས་ཚོས་འགན་ཇི་འདྲ་ཞིག་འཁྱེར་དགོས་སྐོར་གྱི་དྲི་བ་ཞུས་པར་བཀའ་ཁྲི་མཆོག་གིས། བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ནང་གཞོན་སྐྱེས་ཚོས་ཆིག་སྒྲིལ་ཐོག་ནས་ནུས་ཤུགས་སྤུང་རྒྱུ་དེ། དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། དེ་ལྟར་མ་ཐུབ་ཚེ་བོད་མིའི་ངོ་བོ་དེ་བཞིན་རྩ་མེད་འགྲོ་ཉེན་ཡོད་ཅེས་གསུངས་འདུག
ཡང་ཁ་སང་ཚེས་ ༢ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད་པ་དང། སྐབས་དེར་གཙོ་བོ་དབུས་གཏན་ཉིན་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཏེ་དགེ་ལས་སློབ་མ་རྣམས་ལ་མི་སུ་དང་སུ་ཞིག་ཡིན་རུང་རང་ཉིད་ཀྱི་འབད་བརྩོན་བྱས་པ་དང་ཆབས་ཅིག་གྲུབ་འབྲས་མི་དམན་པ་ཞིག་ཐོབ་རྒྱུར་རང་ཉིད་ལ་ཡིད་ཆེས་དང་བློ་སྟོབས་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་བཀའ་ཁྲི་མཆོག་གིས་རང་ལུས་མེར་སྲེག་སྐོར་ལ་ཕེབས་པའི་སློབ་ཕྲུག་ཅིག་གི་དྲི་བར་ལན་འདེབས་གནང་སྐབས། བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་དེ་མ་འོངས་པར་གང་འདྲ་ཞིག་ཆགས་ཀྱི་རེད་དམ་ཞེས་པ་དེ་ཕྱོགས་གཅིག་ནས་བརྗོད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། གང་ཡིན་ཞེ་ན། དོན་གྱི་བདག་པོ་བོད་ནང་བཞུགས་པའི་བོད་མི་རྣམས་ཡིན། ང་ཚོའི་ངོས་ནས་རང་ལུས་མེར་སྲེག་གཏོང་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་རེད་བསམ་གྱི་མེད་ཀྱང་མང་པོ་ཞིག་བྱུང་ཡོད། རྒྱ་ནག་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་བཟུང་སྟེ་བོད་མིར་མནར་གཅོད་གཏོང་རྒྱུ་སོགས་མུ་མཐུད་ལག་བསྟར་བྱས་ན། དེར་ངོ་རྒོལ་དང་ལས་འགུལ་སྤེལ་མཁན་མང་དུ་འགྲོ་སྲིད་པ་ཞིག་རེད། བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་གང་ཡིན་པ་དེར་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱབ་སྐྱོར་དང་ལས་འགུལ་སྤེལ་རྒྱུ་ང་ཚོའི་འགན་འཁྲི་རེད། ཅེས་གསུངས་འདུག
བཀའ་ཁྲི་མཆོག་གིས་ཁ་སང་ད་དུང། ས་གནས་ཀྱི་གཞིས་གྲོང་ཁག་ལ་འཚམས་གཟིགས་གནང་བ་དང་ཆབས་ཅིག་ཕྱེད་ཡོལ་གདན་ས་འབྲས་སྤུངས་ཀྱི་བླ༌སྤྱིའི་འདུ་ཁང་ནང་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་ཡང་གནང་ཡོད་པ་རེད། །