ཨ་རིའི་སྲིད་འཛིན་གྱིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་ཡིག་ཆ་ལ་མཚན་རྟགས་བཀོད་པ་ནི། ཆབ་སྲིད་ཀྱི་གནད་འགག་ཧ་ཅང་ཆེན་པོ་རེད་ཅེས་སྲིད་སྐྱོང་ནས་གསུངས་ཡོད་པ།
རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཐོག་མུ་མཐུད་འཁྱོག་བཤད་བྱས་མི་ཆོག་པ་དང་། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་མ་རེད་ཅེས་འགྲེལ་བརྗོད་གནང་བ།
- 2024-07-13
-
-
-
ཨ་མི་རི་ཀའི་སྲིད་འཛིན་ཇཱོ་སྦཡེ་ཌིན་མཆོག་ནས་སྤྱི་ཟླ་ ༧ པའི་ཚེས་ ༡༢ ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༡༣༨ པར་མཚན་རྟགས་བཀོད་དེ། ཨ་མི་རི་ཀ་གཞུང་གིས་ལག་བསྟར་གནང་དགོས་པའི་ཁྲིམས་ཀྱི་ངོ་བོ་ལ་དངོས་སུ་གཏན་འབེབས་གནང་ཐུབ་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་ལ་དྭགས་སུམ་མདོ་ས་གནས་ནས་སྤྱི་ཚེས་ ༡༣ ཉིན། ཁྲིམས་ཡིག་དེའི་ནང་བོད་རྒྱའི་དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སེལ་དགོས་པ་དང་། བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་འཁོད་པ་སོགས་ནི། ཆབ་སྲིད་ཀྱི་གནད་འགག་ཧ་ཅང་ཆེན་པོ་ཡིན་པར་གསུངས་ཏེ་དགའ་བསུ་གནང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ཇཱོ་སྦཡེ་ཌིན་མཆོག་ནས་ཁྲིམས་འཆར་དེར་མཚན་རྟགས་བཀོད་པ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉི་གས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གྱི་ཆོད་སེམས་དང་། བོད་ཀྱི་ཐུན་མོང་མིན་པའི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་ཡོང་བའི་འབད་བརྩོན་ལ་རྒྱབ་སྐྱོར་གནང་བཞིན་པའི་ཐད། སྲིད་འཛིན་ཁོང་ཉིད་ཀྱང་དགོངས་པ་རྩེ་མཐུན་ཡིན་པ་དང་། སྲིད་འཛིན་ཁོང་གི་འཛིན་སྐྱོང་གིས་རྒྱུན་མཐུད་འབོད་སྐུལ་ཞུ་སྙིང་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐད་ཀར་འབྲེལ་མོལ་བསྐྱར་གསོ་གནང་སྟེ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸གོང་ས་མཆོག་དང་ཡང་ན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན། ཕན་ཚུན་མི་མཐུན་པ་སེལ་ཐབས་ཀྱི་གཞི་འཛིན་ས་ཞིག་བཙལ་ཏེ། བོད་དོན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་གནང་དགོས་ཞེས་འཁོད་ཡོད་ཅིང་།
སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པ་དང་མཚུངས་སུ། ཁྲིམས་འཆར་ཡིག་ཆ་དེ་ཟིན་བྲིས་གནང་མཁན་གཙོ་གྲས། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་མཐུས་མི་ Jim McGovern ལགས་ནས་གསུང་དོན། ང་ཚོའི་བརྡ་ལན་ནི་གསལ་བོ་ཡིན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཐོག་མུ་མཐུད་འཁྱོག་བཤད་བྱས་མི་ཆོག་པ་དང་། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།
ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ Todd Young ལགས་ནས་ཀྱང་། ཁོང་ཚོས་བོད་མིའི་རང་དབང་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་དང་ཁྲིམས་ཡིག་དེས་འབྱུང་འགྱུར་བོད་མི་ཚོར་ཕན་ཐོགས་ཡོང་བའི་ཐད་གསུང་དོན། ཁྲིམས་ཡིག་འདི་ལ་རྒྱ་ནག་དམར་ཤོག་ཚོགས་པས་མི་དགའ་ཆེན་པོ་བྱེད་བཞིན་པ་དང་། ང་ཚོས་དུས་ཡུན་རིང་མོ་ནས་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་ཆིག་སྒྲིལ་གཏོར་ཐབས་བྱེད་བཞིན་པ་མཐོང་གི་ཡོད་པས། ཁྲིམས་ཡིག་འདིས་ཁོ་ཚོའི་ལམ་ནོར་ལྡོག་ཤེས་དང་བོད་མིའི་རང་དབང་དང་རེ་བ་འགྲུབ་པར་རིམ་པས་ཕན་ཐོགས་འབྱུང་བར་ཡིད་ཆེས་ཡོད་ཅེས་གསལ་སྟོན་གནང་བའི་མུར།
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ Michael McCaul ལགས་ནས་གསུང་དོན། ཁྲིམས་འཆར་འདིས་གསལ་བོ་བཟོས་ཡོད་པ་ཞིག་ནི། ཨ་མི་རི་ཀ་གཞུང་གིས་བོད་ལ་ཐུན་མོང་མིན་པའི་སྐད་ཡིག་དང་ཆོས་རིག་ཡོད་པ་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསལ་བོར་གསུང་གི་འདུག
ཨ་མི་རི་ཀའི་སྲིད་འཛིན་གྱིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་མཚན་རྟགས་བཀོད་པར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉི་ག་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཚུངས་སུ། ཁྲིམས་ཡིག་འདིས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཡོང་བར་ཕན་ཐོགས་དང་། བོད་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་བར་ཕན་ཁྱད་འབྱུང་ངེས་ཡིན་པར་གསུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།