ཨ་རིའི་དམིགས་བསལ་དཔུང་དམག་གིས་ཐེ་ཝན་གྱི་དམག་མིར་དམག་སྦྱོང་སྤྲོད་པ།
ཨ་རིའི་དམིགས་བསལ་དཔུང་དམག་གིས་ཐེ་ཝན་གྱི་དམག་མི་ལ་ཟླ་བ་མང་པོའི་རིང་ཁ་ཁུ་སིམ་པོའི་ངང་་དམག་སྦྱོང་སྤྲོད་བཞིན་ཡོད་པ་དེ་ནི་ཐེ་ཝན་ལ་རྒྱ་ནག་གིས་ཉེན་་བརྡ་གཏོང་བཞིན་པའི་རྐྱེན་ཡིན་སྐོར་བརྗོད་འདུག
- 2021-10-08
-
-
-
དེ་ཡང་ཨ་རིའི་དམིགས་བསལ་དམག་དཔུང་ཉི་ཤུརྩ་གྲངས་ཀྱིས་ཉུང་མཐར་ཡང་ཐེ་ཝན་གྱི་དཔུང་དམག་ལ་ལོ་གཅིག་ཙམ་རིང་སྦྱོང་བརྡར་སྤྲོད་ཡོད་ཅིང་དེ་ནི་གཙོ་བོ་རྒྱ་ནག་གིས་ཐེ་ཝན་ལ་ཉེན་བརྡ་གཏོང་རྒྱུ་ཇེ་མང་དུ་ཕྱིན་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཡིན་པ་རེད་འདུག
གནད་དོན་དེའི་ཐོག་ཐེ་ཝན་བདེ་སྲུང་བློན་ཆེན་ལ་བཅར་འདྲིའི་སྐབས་སུ་ལན་འདེབས་གང་ཡང་བྱས་མེད་ཀྱང་ཨ་རིའི་Pentagon དམག་དོན་ལྟེ་གནས་ཁང་གི་མགྲིན་ཚབ་པ་John Supple ལགས་ཀྱིས་ཨ་རིས་ཐེ་ཝན་ལ་བདེ་སྲུང་གི་དགོས་མཁོ་དང་བསྟུན་ནས་རྒྱབ་སྐྱོར་གནང་གི་ཡོད་པ་དང་དེ་ནི་ད་ལྟའི་ཐེ་ཝན་ལ་རྒྱ་ནག་གིས་ཉེན་བརྡ་གཏོང་བཞིན་པའི་གནས་སྟངས་ལ་བརྟེན་ནས་ཨ་རིའི་རྒྱབ་སྐྱོར་བྱེད་ཀྱིནཡོད་པ་ཞིག་ཡིན་པ་དང་། ཨ་རིའི་ཕྱོགས་ནས་ཐེ་ཝན་མཚོ་འགག་གི་མ་མཐུན་པའི་གནད་དོན་དེ་ཞི་བའི་ལམ་ནས་སེལ་ཐབས་ཀྱི་སྐོར་རྒྱ་ནག་པེ་ཅིང་གཞུང་ལ་ནན་ཏན་གྱིས་འབོད་བསྐུལ་གནང་གི་ཡོད་པ་བརྗོད་འདུག མ་གཞི་ཨ་རི་གཞུང་གིས་ཐེ་ཝན་ལ་མཁའ་དམག་གནམ་གྲུ་དང་མེ་ཤུགས་འཕུར་མདའ་གཙོས་པའི་གོ་མཚོན་མཁོ་སྤྲོད་ཀྱིས་ཐེ་ཝན་བདེ་སྲུང་ཆེད་རྒྱབ་སྐྱོར་གནང་གི་ཡོད་པ་ཡོང་གྲགས་སུ་ཆགས་ཡོད། རྒྱ་ནག་གི་ངོས་ནས་ཐེ་ཝན་དེ་གལ་སྲིད་དགོས་གལ་བྱུང་ཚེ་དྲག་པོའི་དམག་གི་ཐོག་རྒྱ་ནག་དང་མཉམ་དུ་ཟླ་སྒྲིལ་གཏོང་རྒྱུ་ཉེན་བརྡ་ཡང་ཡང་གཏོང་བཞིན་ཡོད་པ་རེད།
དེ་བཞིན་ཨ་མེ་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་Jake Sullivan ལགས་ཀྱིས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་དབར་མ་མཐུན་པའི་དངངས་ཚབ་ཡོད་པ་དེ་དང་ཐེ་ཝན་གྱི་མཚོ་ཁའི་ཁུལ་གྱི་ཞི་བདེར་གནོད་པའི་བྱེད་སྒོ་སྤེལ་བཞིན་པ་ཁག་ལ་ཨ་མེ་རི་ཀ་སེམས་ཚབས་ཆེན་པོ་ཡོད་སྐོར་ཨིན་ཇིའི་བྷི་བྷི་གསར་ལས་ཁང་ལ་གསུངས་འདུག ཁོང་གིས་གཏམ་བཤད་དེ་ནི་རྒྱ་ནག་གཞུང་གིས་ཉིན་བཞི་རིང་བསྟུད་མར་ཐེ་ཝན་གྱི་མཁའ་དབྱིངས་སུ་མཁའ་དམག་གནམ་གྲུ་ལན་མང་བཏང་སྟེ་དྲག་ཤུགས་ངོམ་པའི་རྗེས་སུ་གནང་བ་ཞིག་ཡིན་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་Jake Sullivan ལགས་རྒྱ་ནག་གཞུང་གི་དཔོན་རིགས་མཐོ་གྲས་Yang Jiechi དང་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་བཀའ་མོལ་གནང་བའི་ཉིན་གཅིག་གི་རྗེས་སུ་བྷེལ་ཇི་ཡམ་གྱི་རྒྱལ་ས་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་Brussels ནང་ཕེབས་སྐབས་ཨིན་ཇིའི་བྷི་བྷི་སིའི་བརྙན་འཕྲིན་ལས་ཁང་གིས་ཁོང་གིས་རྒྱ་ནག་གི་དཔོན་རིགས་Yang Jiechi ལ་ག་རེ་གསུངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། རྒྱ་ནག་གིས་ཐེ་ཝན་གྱི་མཚོ་ཁའི་ཁུལ་གྱི་ཞི་བདེ་དང་སྲ་བརྟན་ལ་གནོད་སྐྱོན་གཏོང་རྒྱུའི་བྱ་སྤྱོད་སྤེལ་བཞིན་པ་ཁག་ལ་ཨ་མེ་རི་ཀ་སེམས་ཚབས་ཆེན་པོ་ཡོད་སྐོར་གསུངས་པ་ཡིན་ལ། ཡང་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་མེད་པ་དང་རྒྱ་ནག་གཅིག་གི་རྩ་དོན་དང་ཐེ་ཝན་གྱི་ཁྲིམས་གཞིར་རྒྱབ་སྐྱོར་མུ་མཐུད་ནས་བྱེད་ཀྱི་ཡོད། ཡིན་ནའི་ཐེ་ཝན་གྱི་མཚོ་ཁའི་ཁུལ་གྱི་གཞི་རྩའི་ཞི་བདེ་སྲ་བརྟན་ལ་ཉེན་ཚབས་བཟོ་རྒྱུའི་བྱ་སྤྱོད་དེ་རིགས་སྤེལ་ཚེ་དེ་དག་སྐོར་མི་སྒེར་པ་དང་ཡོངས་གྲགས་སུ་ཤོད་ཀྱི་ཡོད། གང་ཡིན་ཞེ་ན་ཨ་རིས་ཐེ་ཝན་གྱི་མཚོ་ཁའི་ཁུལ་དུ་ཞི་བདེ་དང་སྲ་བརྟན་རྒྱུན་འཁྱོངས་ཡོང་བར་ཡིད་ཆེས་ཤུགས་ཆེ་གནང་གི་ཡོད་སྐོར་གསུངས་འདུག ཡང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་Sullivan ལགས་ལ་ཐེ་ཝན་སྲུང་སྐྱོབ་ཆེད་ཨ་རིས་དམག་དོན་གྱི་བྱེད་སྒོ་སྤེལ་རྒྱུའི་གྲ་སྒྲིག་ཡོད་མེད་གནས་འདྲི་ཞུས་པར་ཁོང་གིས། དེ་འདྲའི་ཉིན་ཞིག་མ་ཡོང་བ་དང་སྔོན་འགོག་གི་དོན་དུ་ད་ལྟ་ནས་ལས་དོན་སྤེལ་རྒྱུ་ཡིན་སྐོར་བཀའ་ལན་གནང་འདུག།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།