ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་གོང་འོག་ནང་གཏན་འབེབས་བྱུང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་སུ་འགོད་འབུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐད་བགྲོ་གླེང་གིས་གཏན་འབེབས་གནང་སྐབས། ༠༦།༡༢།༢༠༢༤ house.gov

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གྱི་འབྲུ་དོན་ཁག་ཅིག་ལ་བསྒྱུར་བཅོས་གནང་སྟེ་སྤྱི་མོས་ཀྱི་གཏན་འབེབས་གནང་མཐར། ཉེ་ལམ་ཕྱི་ཟླ་༦ཚེས་༡༢ཉིན་ཨ་རིའི་གྲོས་ཚོགས་འོག་མར་སླར་ཡང་འོས་བསྡུ་གནང་སྟེ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་༣༩༡ཀྱིས་རྒྱབ་སྐྱོར་གནང་བ་དང་། འཐུས་མི་གྲངས་༢༦གིས་དགག་བྱ་གནང་བ། འཐུས་མི་༡༤ཡིས་འོས་མ་བླུགས་པ་བཅས་འོས་ཤོག་གི་གྲུབ་འབྲས་སུ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐོག་ནས་གཏན་འབེབས་བྱུང་ཡོད་པ་རེད། དེ་ནས་འདས་པའི་དུས་ཡུན་ཟླ་བ་གཅིག་མིན་ཙམ་གྱི་རིང་གྲོས་ཚོགས་ཀྱི་བརྒྱུད་རིམ་ཁག་ཅིག་བརྒྱུད་དགོས་པའི་ཐོག་ནས་ཕྱི་ཟླ་༧ཚེས་༨ཉིན། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གི་མཚན་རྟགས་ཞུ་ཆེད་ཨ་རིའི་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་ཡོད་འདུག་ལ། མཚན་རྟགས་བཀོད་རྗེས་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གྱུར་གྱི་ཡོད་པ་རེད།
ཨ་རིའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེ་དང་འབྲེལ་ནས་ཕྱི་ཟླ་༦ཚེས་༡༣ཉིན་ཨ་རིའི་རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་འདྲི་རྩད་སྐབས་མགྲིན་ཚབ་པ་(Liu Peng Yu)་ལགས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འཁྲུལ་མེད་ཅིག་ཡིན་སྟབས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་སྟོབས་ཤུགས་གང་གིས་ཀྱང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་༧སྐུ་ཕྲེང་བཅུ་བཞི་པ་ཁོང་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་བཙན་བྱོལ་དུ་ཕྱིན་ཡང་། ཆོས་ལུགས་པ་ཡིན་པའི་ཟོལ་གྱིས་བོད་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་དམིགས་ཡུལ་བཅངས་ཏེ་ལས་འགུལ་ཡུན་རིང་སྤེལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏཱ་ལའི་ཁ་བྲལ་ཕྱོགས་ཁག་གི་རང་བཞིན་དངོས་སུ་མཐོང་ཐུབ་པ་བརྒྱུད། རྒྱ་ནག་གི་ལངས་ཕྱོགས་དང་གཞི་རྩའི་འདོད་མོས་ལ་གུས་བརྩི་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་བྱས་ཡོད།


ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་བ་ལྕམ་ནན་སེ་པེ་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་མཆོག གྲོས་ཚོགས་འཐུས་མི་(Jim McGovern)་མཆོག གྲོས་ཚོགས་འཐུས་མི་(Jeff Merkley)་མཆོག གྲོས་ཚོགས་འཐུས་མི་(Todd Young)་མཆོག་བཅས་ཀྱིས་སྣེ་ཁྲིད་གནང་སྟེ། བོད་དོན་ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་༢༠༢༣ ཟླ་༡ཚེས་༢༦དང་། གྲོས་ཚོགས་གོང་མར་ ༢༠༢༣་ཟླ་༡ཚེས་༣༠ཉིན་འདོན་སྤེལ་གནང་སྟེ། རིམ་བཞིན་གྲོས་ཚོགས་འོག་མར་༢༠༢༤ཟླ་ ༢ཚེས་༡༣ཉིན་འོས་བསྡུའི་སྐབས་གྲོས་ཚོགས་འཐུས་མི་༣༩༢ཀྱིས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་པ་དང་། གྲོས་ཚོགས་གོང་མའི་ནང་ཕྱི་ཟླ་༥ཚེས་ ༢༣ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་ཅིང་། ཁྲིམས་ཡིག་གི་ཁྲིམས་འཆར་གྱི་འབྲུ་དོན་ལ་གྲོས་ཚོགས་གོང་མའི་ནང་བཅོས་བསྒྱུར་ཕྲན་བུ་བཏང་པར་བརྟེན། སླར་ཡང་གྲོས་ཚོགས་འོག་མའི་ནང་ཕྱིར་འཁྱེར་ཏེ་ཕྱི་ཟླ་༦ཚེས་༡༢ཉིན་འོས་བསྡུ་གནང་སྟེ་སླར་ཡང་ཚད་མཐོའི་མང་མོས་ཀྱི་གཏན་འབེབས་བྱུང་ཡོད་པ་རེད་ལ། ད་ལྟའི་ཆར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་རྒྱུར་ངང་སྒུག་གནང་བཞིན་ཡོད་པ་རེད།།

༢༠༢༣།༠༡།༢༦ གྲོས་ཚོགས་འོག་མར་ ཁྲིམས་འཆར་འདོན་སྤེལ་གནང་།
༢༠༢༣།༠༡།༣༠ གྲོས་ཚོགས་གོང་མར་ སྙན་སྒྲོན་གྱིས་ཕྱི་འབྲེལ་ལས་དོན་ཚོཊ་ཆུང་ལ་བཏང་།
༢༠༢༣།༡༡།༢༩ གྲོས་ཚོགས་འོག་མར་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གཏན་འབེབས་གནང་།
༢༠༢༤།༠༢།༡༣ གྲོས་ཚོགས་འོག་མར་ འོས་བསྡུའི་ཆེད་བརྗོད་པའི་ཐོག་ཕེབས།
༢༠༢༤།༠༢།༡༥ གྲོས་ཚོགས་འོག་མར་ འོས་ ༣༩༢ ། ༢༨ ཚད་མཐོའི་མང་མོས་ཀྱི་གཏན་འབེབས་གནང་པ།
༢༠༢༤།༠༥།༠༧ གྲོས་ཚོགས་གོང་མར་ ཕྱི་སྲིད་ལས་དོན་ཚོཊ་ཆུང་གིས་སྤྱི་མོས་གཏན་འབེབས་གནང་།
༢༠༢༤།༠༥།༢༣ གྲོས་ཚོགས་གོང་མར་ སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་།
༢༠༢༤།༠༦།༡༢ གྲོས་ཚོགས་འོག་མར་ འོས་འཕེན་པ་ ༣༩༡ ། ༢༦ ཐོག་ནས་ཚད་མཐོའི་མང་མོས་ཀྱི་གཏན་འབེབས་གནང་།
༢༠༢༤།༠༧།༠༨ སྲིད་འཛིན་ལས་ཁུངས། སྲིད་འཛིན་ལས་ཁུངས་སུ་མཚན་རྟགས་ཆེད་འགོད་འབུལ་ཞུས།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org