ཨ་རིའི་སྲིད་འཛིན་གྱིས་ཉི་ཧོང་གི་སྲིད་བློན་ལ་སྣེ་ལེན་ཟབ་རྒྱས་གནང་།

ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཉི་ཧོང་གི་མཚོ་གླིང་གི་བདག་དབང་ཐོག་ལ་ཨ་རི་གཞུང་གིས་སྲུང་སྐྱོབ་ཁས་ལེན་ནན་བརྗོད་གནང་འདུག

ཨ་མི་རི་ཀའི་སྲིད་འཛིན་གྱིས་ཉི་ཧོང་གི་སྲིད་བློན་མཆོག་ཕོ་བྲང་དཀར་པོའི་སྤྱི་གླིང་དུ་ཕེབས་བསུ། ༢༠༡༥།༤།༢༨ AFP

ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཉི་ཧོང་གི་མཚོ་གླིང་གི་བདག་དབང་ཐོག་ལ་ཨ་རི་གཞུང་གིས་སྲུང་སྐྱོབ་ཁས་ལེན་ནན་བརྗོད་གནང་འདུག
དེ་ཡང་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་Barack Obamaམཆོག་གིས་ཉི་ཧོང་གི་སྲིད་བློན་Shinzo Abeམཆོག་ཕོ་བྲང་དཀར་པོའི་སྤྱི་གླིང་དུ་དམག་མིའི་རུ་བསྒྲིགས་སྟེ་གཞུང་འབྲེལ་གྱི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་། ཨ་རིའི་སྲིད་འཛིན་མཆོག་གིས་ཕེབས་བསུའི་མཛད་སྒོའི་ཐོག་ཉི་ཧོང་དང་ཨ་རི་དབར་མཛའ་གྲོགས་ཀྱི་འབྲེལ་ཐག་ད་དུང་དམ་ཟབ་དུ་གཏོང་རྒྱུ་དང་། ཉི་ཧོང་གི་སྲིད་བློན་མཆོག་གིས། འཛམ་གླིང་ཐོག་ཉི་ཧོང་གིས་འགོ་ཁྲིད་ཀྱི་འགན་ཁུར་ཆེ་རུ་བཞེས་པའི་སྲིད་ཇུས་བཅས་ལ་ཡི་རང་བསྔགས་བརྗོད་ཞུས་གནང་འདུག དབུ་ཁྲིད་རྣམས་གཉིས་དབར་ཆེས་མཐོའི་མཇལ་འཕྲད་གནང་རྒྱུའི་སྔ་ནུབ་དུ་ཁ་ས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་། བདེ་སྲུང་བློན་ཆེན་ལྷན་དང་མཇལ་འཕྲད་ཀྱིས་རྒྱལ་ཁབ་གཉིས་དབར་ད་ཡོད་སྲུང་སྐྱོབ་ཀྱི་གྲོས་མཐུན་བསྐྱར་ནན་བྱ་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་པ་རེད། མཇལ་འཛོམས་དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། ཉི་ཧོང་རྒྱལ་ཁབ་ཀྱི་སྲུང་སྐྱོབས་དང་འབྲེལ་བའི་རྒྱལ་ཁབ་གཉིས་དབར་ད་ཡོད་ཀྱི་གྲོས་མཐུན་དེ་དག་ལ་ཨ་རི་གཞུང་ནས་འགན་ལན་ཆ་ཚང་ཞུ་རྒྱུ་ཡིན་པ་མ་ཟད། སྲུང་སྐྱོབས་ཀྱི་འགན་སྲུང་གྲོས་མཐུན་དེའི་ནང་ཉི་ཧོང་གི་འཛིན་སྐྱོང་ཆ་ཤས་སུ་ཡོད་པའི་ས་ཁུལ་ཡོངས་རྗོགས་ལ་སྲུང་སྐྱོབས་ཀྱི་ཁས་ལེན་ཞུ་ཡི་ཡོད་པ་དང་། དེར་བརྟེན་ད་ལྟ་ཉི་ཧོང་གིས་འབོད་པའི་Senkakusདང་། རྒྱ་ནག་གིས་འབོད་པའི་Diaoyus ཞེས་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྩོད་གཞི་ཅན་གྱི་མཚོ་གླིང་གི་སྲུང་སྐྱོབ་ཐོག་ལའང་ཨ་མི་རི་ཀས་སྲུང་སྐྱོབ་ཀྱི་འགན་ལེན་ཞུ་ཡི་ཡོད་པར་གསལ་འདོན་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་ཉི་ཧོང་གི་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག སྐུ་ཞབས་John Kerry མཆོག་གིས། ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཉི་ཧོང་གི་མཚོ་གླིང་གི་བདག་དབང་ཐོག་ལ་ཨ་རི་གཞུང་ནས་སྲུང་སྐྱོབས་ཁས་ལེན་ནན་བརྗོད་གནང་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཁའ་དབྱིངས་ཐོག་གནམ་གྲུ་འཕུར་བསྐྱོད་བྱ་ཕྱོགས་ཐད་རྒྱ་ནག་གཞུང་གིས་དོ་དམ་སྟངས་འཛིན་བྱ་ཐབས་བྱེད་བཞིན་པ་དེ་ མཁའ་དབྱིངས་རང་དབང་ལ་ཐེ་ཇུས་བྱས་པ་ཡིན་ལུགས་རྒྱ་ནག་ལ་ཟུར་སའི་སྐྱོན་བརྗོད་གནང་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Hong Leiཡིས་ཨ་རི་དང་ཉི་ཧོང་དབར་སྲུང་སྐྱོབ་ཀྱི་གྲོས་མཐུན་ལ་རྒྱ་ནག་གཞུང་ནས་འགག་པ་གང་ཡང་མེད་ཀྱང་Diaoyu མཚོ་གླིང་གི་བདག་དབང་ཐོག་རྒྱ་ནག་གི་ལངས་ཕྱོགས་ཁ་གསལ་ཡིན་ཞིང་མཚོ་གླིང་དེ་བཞིན་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ས་ཁྱོན་ཆ་ཤས་ཞིག་ཡིན་སྟབས་རྒྱལ་ཁབ་སུས་གང་བཤད་ལ་མ་བལྟོས་པར་གནས་སྟངས་དེར་འགྱུར་བ་གཏོང་ཐབས་མེད་པའི་སྐོར་ལན་འདེབས་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org