ཤིན་ཅང་རླུང་འཕྲིན་ལས་བྱེད་བེུད་ཅིག་ལ་ཉེས་འཛུགས་བྱས་སྐོར།
རླུང་འཕྲིན་ལས་བྱེད་ཡུ་གུར་བེུད་ཅིག་ལ་རྒྱ་ནག་གཞུང་གིས་ལས་ཁུངས་ནས་ཕྱིར་འབུད་བྱས་པ་མ་ཟད་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་
-
2008-09-09 -
-
-
༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རླུང་འཕྲིན་ལས་བྱེད་བེུད་ཅིག་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་བཙུགས་ཀྱིས་ལས་ཁུངས་ནས་ཕྱིར་འབུད་བྱས་པ་མ་ཟད་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་བཞག
ཤར་ཏུར་ཀི་སི་ཐན་གྱི་མི་མང་རླུང་འཕྲིན་ཁང་གི་ལས་བྱེད་བུད་མེད་ མེའེ་སྦུབ་ ཞུ་བ་བདུན་ཕྲག་འགའ་ཤས་ཀྱི་སྔོན་དུ་གོང་ཞུས་ལས་ཁུངས་ནས་ཕྱིར་འབུད་བྱས་ཡོད་པ་རེད་ཅེས་ཁོང་གི་ལས་རོགས་གཞན་ཁག་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད་ དེ་བཞིན་ཡང་ལས་བྱེད་གཞན་ཞིག་གིས་གསུངས་ན་ མེའེ་སྦུབ་ ལས་ཁུངས་ནས་ཕྱིར་འབུད་བྱས་ནས་ཟླ་བ་གཅིག་ཙམ་འགྲོ་གི་ཡོད་པ་རེད༌ ད་ལྟ་ཁོང་རང་བཙོན་ཁང་དུ་བཅུག་ཡོད་པ་རེད་ཅེས་ང་ཚོས་གོ་ཐོས་བྱུང་བ་ལས་དེ་མིན་གྱིས་ད་ལྟ་ཁོང་བཙོན་ཁང་ནང་གནས་སྟངས་གང་འདྲ་ཞིག་ཆགས་མིན་སྐོར་ང་ཚོས་གནས་ཚུལ་གང་ཡང་ཤེས་མ་བྱུང་ ང་ཚོས་ཁོང་འགྲོ་ལམ་བརྟན་པོ་ཞིག་གི་ཐོག་ལ་བསྐྱོད་དགོས་པའི་ལམ་སྟོན་བྱས་ཡོད་ཀྱང་ཁོང་གིས་ང་ཚོའི་ཁ་ལ་ཉན་མ་སོང་ཞེས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་འདུག ང་ཚོའི་ལས་ཀའི་ཚན་པ་དེ་གསར་འགྱུར་གྱི་ལས་རིགས་ཚན་པ་ཞིག་ཡིན་པས་ཧ་ཅང་གི་བརྟན་པོ་བྱེད་དགོས་ཀྱི་རེད་ གང་ལགས་ཤེ་ན་ཚན་པ་དེ་ནི་ཧ་ཅང་གི་རྣོ་ངར་ཆེ་བའི་ཚན་པ་ཞིག་རེད་ཅེས་ཁོང་གི་ལས་རོགས་ཤིག་ནས་འདི་གར་འགྲེལ་བརྗོད་གནང་འདུག ཡང་གནས་ཚུལ་འབྱུང་ཁུངས་གསུམ་པ་ཡོ་རོབ་ནང་རྟེན་གཞི་བྱས་པའི་མི་སྣ་ཞིག་ནས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་འགྲེལ་བརྗོད་གནང་བར་གཞིགས་ན་ ཁོང་གིས་མེའེ་སྦུབ་ ལ་འབྲེལ་བ་བྱས་པའི་སྐབས་ མེའེ་སྦུབ་ ཡིས་གསུངས་ན་ ཁོང་གིས་ཤར་ཏུར་ཀི་སི་ཐན་མངའ་ཁུལ་གྱི་དཔོན་རིགས་ཚོར་སྐྱོན་བརྗོད་བྱས་པ་དང་དེ་ག་ནང་བཞིན་ཤར་ཏུར་ཀི་སི་ཐན་མི་རིགས་ཀྱི་སྐད་ཡིག་ཚབ་ཏུ་རྒྱ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཏུ་བཅུག་པར་སྐྱོན་བརྗོད་བྱས་པ་ཡིན་ཞེས་གསུངས་བྱུང་བས་ཕལ་ཆེར་གནས་ཚུལ་དེར་བརྟེན་ནས་ད་ཆ་ཁོང་བཙོན་འཇུག་བྱས་པ་ཡིན་སྲིད་པ་རེད་ཅེས་གསལ་སྟོན་གནང་བཞག