འཛམ་གླིང་རྒྱལ་ཁབ་༡༦ནང་ཕག་པའི་རིམས་ནད་ཁྱབ་ཡོད་པ།
འཛམ་གླིང་ནང་ད་ཆ་ཕག་པའི་རིམས་ནད་དེའི་ནད་འགོས་ཁྱབ་བྱུང་བའི་ནད་པ་ཁྱོན་བདུན་རྒྱ་བརྒྱད་ཅུ་གྱ་བདུན་བྱུང་ཡོད་པ་ཤེས་རྟོགས་བྱུང་བའི་སྐོར།
-
2009-05-03 -
-
-
༄༅༎དེ་རིང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་གསུང་པར་ད་ལྟའི་འཆར་འཛམ་གླིང་གི་རྒྱལ་ཁབ་བཅུ་དྲུག་ནང་ལ་ཕག་པའི་རིམས་ནད་ཁྱབ་གདལ་ཕྱིན་ཏེ་ཕག་པའི་རིམས་ནད་དེའི་ནད་འབུ་ཨེཇ་༡་ཨེན་༡འགོས་ཁྱབ་བྱུང་བའི་ནད་པ་ཁྱོན་༧༨༧བྱུང་ཡོད་པ་ཤེས་རྟོགས་བྱུང་བའི་སྐོར་གསུངས་ཡོད་པ་རེད།
དེང་སྐབས་ཁྱབ་གདལ་འགྲོ་བཞིན་པའི་རིམས་ནད་དེ་ཚགས་ཆེ་ཤོས་ནི་མེཀ་སི་ཀོ་རྒྱལ་ཁབ་ཡིན་ཞིང་མེཀ་སི་ཀོ་འབྲེལ་ཡོད་དཔོན་རིགས་ནས་ཐོག་མར་རྒྱལ་ནང་དུ་ནད་པ་༡༧༦རྐྱེན་ལམ་དུ་ཕྱིན་པའི་སྡོམ་རྩིས་བཏོན་ཡོད་ཀྱང་དོན་དངོས་ཐོག་དེ་རིང་བར་ནད་པ་བཅུ་དྲུག་ལས་རྐྱེན་ལམ་དུ་ཕྱིན་མེད་པའི་གནས་ཚུལ་ཁ་གསལ་དུ་ཕྱིན་ཡོད་ཅིང་ཡིན་ནའང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་མེཀ་སི་ཀོ་ནང་ནད་འབུ་འགོས་ཁྱབ་བྱུང་བའི་ནད་པ་༣༩༧བྱུང་བ་དང་ཨ་མི་རི་ཀའི་ནང་མེཀ་སི་ཀོ་ནས་ཡོང་བའི་ཕྲུ་གུ་ཞིག་རིམས་ནད་དེས་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་དང་ནད་འབུ་འགོས་ཁྱབ་ཕྱིན་པའི་ནད་པ་བརྒྱ་དང་དྲུག་ཅུ་ཡོད་པའི་སྡོམ་རྩིས་བཏོན་ཏེ་རྒྱལ་ཁབ་དེ་གཉིས་ནི་རིམས་ནད་དར་ཁྱབ་འགྲོ་ཡུལ་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་ངོས་འདིན་གནང་ཡོད་པ་རེད། ཡིན་ནའང་མེཀ་སི་ཀོ་དང་ཨ་རིའི་ནང་མི་འདས་གྲོངས་སུ་ཕྱིན་པ་ཕུད་དེ་མིན་གྱི་རྒྱལ་ཁབ་བཅུ་བཞི་ནང་ནད་པ་འདས་གྲོངས་སུ་ཕྱིན་མེད་ཀྱང་རིམས་ནད་ཁྱབ་སྤེལ་ཕྱིན་པའི་རྒྱལ་ཁབ་ནི་ཨོ་སོ་ཀྲོ་ལི་ཡ་དང་ཁེ་ན་ཌ།ཧོང་ཀོང༌།ཌེན་མཀ།ཕེ་རན་སི།འཇར་མ་ནི།ཨི་སི་རེལ།ཧོ་ལེནདྲ།ནིའུ་ཛི་ལེནདྲ།ལྷོ་ཀོ་རི་ཡ།སི་པེན།སུད་ཛར་ལེནདྲ་དང་དབྱིན་ཡུལ་བཅས་ཡིན་པ་དང་རྒྱལ་ཁབ་བཅུ་བཞིའི་ནང་ནས་ཁེ་ན་ཌ་ལ་ནད་པ་ལྔ་ཅུ་ང་གཅིག་བྱུང་སྟེ་གྲངས་ཀ་མང་ཤོས་ཡིན་པ་ལས་དེ་འཕྲོས་ཀྱི་རྒྱལ་ཁབ་དེ་དག་ནང་ནད་པ་གྲངས་ཀ་དེ་ཙམ་མང་པོ་ཐོན་མེད་པ་རེད༎