སློབ་ཆེན་སློབ་མས་བོད་དོན་དངས་བླངས་ལས་འགུལ།
སློབ་ཆེན་སློབ་མ་དབང་འདུས་ཚེ་རིང་མཁར་ལོ་ལགས་ཀྱིས་མ་སྐུལ་དངས་བླངས་ཐོག་རྒྱ་གར་བྷ་རོ་ཀྲ་ཁུལ་གྱི་བོད་མི་དགུན་ཚོང་བ་དང་། སློབ་ཆེན་སློབ་མར་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་ཡོད་པ་རེད།
-
2013-02-01 -
-
-
དེ་ཡང་ས་གནས་ནས་བཀྲ་ཤིས་རྒྱལ་མཚན་གྱིས་འདི་གར་གནས་ཚུལ་བཏང་དོན། ཟླ་དང་པོའི་ཚེས་༢༩ ཉིན་རྒྱ་གར་བྷ་རོ་ཀྲ་དགུན་ཚོང་ཚོགས་པའི་ཚོགས་ཁང་དུ་ཨེམ་ཨེས་ཡུ་༼MSU༽གཙུག་ལག་སློབ་གྲ་ཆེན་མོའི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་གྲངས་༦༠ལྷག་དང་། དགུན་ཚོང་རུ་ཁག་གི་ཚོགས་མི་༢༠ ཁྱོན་བོད་མི་བརྒྱ་ཙམ་འདུ་འཛོམས་ཐོག་གོ་སྒྲིག་པ་དབང་འདུས་ཚེ་རིང་མཁར་ལོ་ལགས་ཀྱིས་ལས་འགུལ་དེ་སྤེལ་དགོས་དོན་སྐོར་གསུང་དོན། མཐོ་རིམ་སློབ་མ་རྣམས་བོད་ཀྱི་མ་འོངས་མགོ་ཁྲིད་པར་ངོས་འཛིན་གནང་གི་ཡོད་པ་ལྟར། སློབ་ཆེན་པ་ཚོས་ད་ལྟ་ང་ཚོས་རང་སྐྱོང་རྩོད་བཞིན་པའི་གནས་བབ་གང་དུ་སླེབས་ཡོད་མེད་དང། གཞན་ཡང་བོད་རང་བཙན་འཐབ་རྩོད་ཀྱི་ཕྱོགས་གཉིས་ཀྱི་གནས་སྟངས་ཞིབ་ཚགས་མཁྱེན་ཆེད་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་པ་གསུངས་འདུག སྐབས་དེར་ཆེད་དུ་རྡ་ས་ནས་གདན་ཞུ་ཞུས་བའི་དབུ་མའི་ལམ་ལས་འགུལ་ཁང་གི་ཤར་ཕྱོགས་ཁུག་རྟའམ་ཆོས་འབྱོར་ལགས་ཀྱིས་གསུངས་དོན། མཐོ་རིམ་གྱི་སློབ་མ་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོར་དབུ་མའི་ལམ་གྱི་ཐོག་ཤེས་རྟོགས་དགོས་པ་གལ་ཆེན་ཞིག་ལ་རྩིིས་ཀྱི་ཡོད་པ་དང་། དེ་ཡང་གཙོ་བོ་བགྲོ་གླེང་གི་ལམ་ནས་མ་གཏོགས་གསུང་བཤད་ཀྱི་ངོ་བོ་མིན་ཞེས་གསུངས་བ་དང་འབྲེལ། རྒྱ་ནག་གི་རྩ་ཁྲིམས་འོག་བོད་མིས་རང་སྐྱོང་རྩོད་པའི་གནས་བབ་ད་ལྟ་གང་དུ་སླེབས་ཡོད་དམ་ཞེས་པའི་དོན་ཚན་དྲུག་ལ་བགོས་ནས་བསྟན། གཅིག རྒྱ་ནག་གི་རྩ་ཁྲིམས་ནང་ས་ཁོངས་རང་སྐྱོང་སྐོར་འགན་ལེན་གང་ཡོད་མེད་དང། བོད་མིས་རྩོད་བཞིན་པའི་རང་སྐྱོང་གི་སྙིང་དོན་ག་རེ་ཡིན་པ། དེ་ལ་རྒྱ་ཕྱོགས་ནས་ལན་འདེབས་ག་རེ་བྱས་ཡོད་མེད། བོད་མིའི་ཕྱོགས་ནས་ཕྱོགས་གཉིས་ཀྱི་ལྟ་ཚུལ་མི་མཐུན་པ་སེལ་ཐབས་འགྲེལ་བརྗོད་ཅི་བྱས། གཞན་ཡང། བོད་ཕྱི་ནང་གཉིས་ནས་ད་བར་རང་སྐྱོང་རྩོད་པའི་བྱུང་རིམ། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་སྐབས་ས་མཚམས་བསྒྱུར་བཅོས་ཐད་དམིགས་བཀར་གྱིས་བཤད་ཡོད། ད་དུང་ཁོང་གིས་ཕྱོགས་གཉིས་ཀྱི་མི་མཐུན་ས་གསུངས་དོན། རྒྱ་ནག་གིས་བོད་རིགས་ཡོགས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་དགོས་པ་དེ་ལོ་རྒྱུས་དང་། ད་ལྟའི་གནས་བབ་གཉིས་ཀར་མི་མཐུན་པས་དེ་ལྟར་ཡོང་ཐབས་མེད་པ་དང། བསམ་འཆར་ནང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཚིག་རྒྱན་སྤྲོས་པ་མ་གཏོགས། རྒྱ་ནག་གི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་འདོད་ཡོད་པ་སོགས་འཁོད་ཚུལ་ངོས་འཛིན་གནང་ཡོད་ཅེས་དང། ཡང་ཁོང་གིས། བོད་ཕྱོགས་ནས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་དགོས་པ་དེ་རྩ་དོན་ཡིན་པ་དང། ས་མཚམས་ལ་བསྒྱུར་བཅོས་བཏང་བས་ད་ལྟའི་རྒྱ་ནག་གི་ས་ཁྱོན་ལ་གནོད་པ་མེད་པ། དེ་བཞིན་ཁྲིམས་བཟོའི་ལས་རིམ་སོགས་གནད་དོན་མང་པོའི་ཐད་དབུས་ནས་སྟངས་འཛིན་མང་བ་དང། ཡང་ན་དབུས་ས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་གྲོས་བསྡུར་གྱི་ལམ་ཁ་མེད་པ་སོགས་ཀྱིས། དོན་དམ་རང་སྐྱོང་གི་ཚད་གཞི་ངོ་མ་ག་འདྲ་ཞིག་ཡིན་མིན་ཁ་གསལ་མི་འདུག་ཅེས་ནན་བཤད་གནང་སོང་།
གཏམ་བཤད་གྲུབ་མཚམས་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་། དྲི་བར་དྲིས་ལན་གྱི་གོ་སྐབས་ཡང་ལྷོད་ལྷོད་གནང་ཡོད་འདུག།
ཚོགས་ཞུགས་པ་རྒྱལ་རབས་ཆེད་སྦྱོང་བ་སློབ་ཕྲུག་རྟ་མགྲིན་ཚེ་དབང་གིས་བརྗོད་དོན། ང་རང་ཉིད་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཡང། དེ་རིང་ལས་ལྷག་ཅིག་དབུ་མའི་ལམ་གྱི་བྱུང་རིམ་དང། ནང་དོན། འཐབ་རྩོད་བྱ་ཕྱོགས་བཅས་ཀྱི་ཐད་གོ་རྟོགས་གསལ་བོ་མ་བྱུང། དེ་རིང་གི་བགྲོ་གླེང་འདིས་གནད་དོན་མང་པོ་ཤེས་རྟོགས་བྱེད་བཅུག་སོང་ཅེས་བཤད།