རྒྱ་གར་གཞུང་ནས་ཡར་ལུང་གཙང་པོའི་གནས་ཚུལ་སྐོར་གསལ་བཤད།

ཡར་ལུང་གཙང་པོའི་ཆུ་ཚད་དམའ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་པ་དེ་ནི་བདེན་པ་ཆགས་ཀྱི་མེད་པའི་སྐོར།

༄༅༎བོད་ནས་རྒྱ་གར་བྱང་ཤར་མངའ་ཁུལ་དུ་རྒྱུགས་བཞིན་པའི་ཡར་ལུང་གཙང་པོའི་ཆུ་ཚད་དམའ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་པ་དེ་ནི་བདེན་པ་ཆགས་ཀྱི་མེད་པའི་སྐོར། རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རིགས་ཤིག་གིས་གསུངས་འདུག
དེ་ཡང་འདི་ཚེས་ ༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲ་ཀོ་ཌ་སྦི་ཡིས་གཏམ་བཤད་ཅིག་བྱས་པའི་ནང༌། འདི་ལོ་ཡར་ལུང་གཙང་པའི་ཆུ་ཚད་གང་མཚམས་དམའ་རུ་ཕྱིན་ཡོད་པ་དང༌། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ནི། བོད་ནང་ཡར་ལུང་གཙང་པོའི་ཆུ་ཁའི་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱས་པའི་རྐྱེན་གྱིས་བྱུང་བ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་ཀྱང༌། འདི་ཚེས་ ༣ ཉིན་རྒྱ་གར་དབུས་གཞུང་གི་ཆུའི་ཐོན་བསྐྱེད་ལས་དོན་ལྷན་ཁང་གི་འབྲེལ་ཡོད་དཔོན་རིགས་ཤིག་གི་མཚན་ཐོག་སྤྱི་བསྒྲགས་ཤིག་སྤེལ་བའི་ནང༌། ཡར་ལུང་གཙང་པོའི་ཆུ་ཚད་དེ་སྔར་རྒྱུན་ལྟར་ཡོད་པ་ལས་དམའ་རུ་ཕྱིན་མེད་པ་མ་ཟད། སྔ་ལོ་དང་བསྡུར་ཚད་བྱས་པ་ཡིན་ན། གཙང་པོའི་ཆུ་ཚད་སེན་ཀྲི་མི་ཊར་(Centimeter)བརྒྱད་བཅུ་ཙམ་གྱི་མཐོ་བ་ཡོད་པར་བརྟེན། གནད་དོན་འདིའི་ཐད་རྒྱ་གར་གཞུང་ལ་བློ་ཚབས་སྐྱེ་གཞི་གང་ཡང་ཆགས་ཀྱི་མེད་སྐོར་གསུངས་འདུག་ལ།  དེ་བཞིན་ཉིན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་གནད་དོན་འདིའི་སྐོར་གཏམ་བཤད་ཅིག་བྱས་པའི་ནང༌། བོད་རང་སྐྱོང་ལྗོངས་ནང་གློག་ཤུགས་ཀྱི་དགོས་མཁོ་བཀང་ཆེད་ སྤོ་བོ་བཀྲ་མོའི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་པའི་ངོས་ལེན་བྱས་པ་དང་ཆབས་ཅིག་  ཆུ་མཛོད་དེ་ནི་ཧ་ཅང་ཆེན་པོ་ཞིག་མིན་པར་བརྟེན། དེ་ཡིས་རྒྱ་གར་གཙོས་པའི་གཙང་ཆུ་རྒྱུགས་སའི་ཡུལ་ལུང་གཞན་ཚོར་གནོད་ཚབས་ཡོང་གི་མ་རེད་ཅེས་བཤད་འདུག་ཀྱང༌།  གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། བོད་ནས་ཡུལ་ལུང་གཞན་དུ་རྒྱུགས་བཞིན་པའི་གཙང་པོའི་ཆུ་ཚད་དམའ་རུ་འགྲོ་གི་ཡོད་པའི་དྭོགས་གཞི་ཡོང་བ་དེ་རིང་ཐོག་མ་མིན་པར། དེའི་སྔོན་དུ་ཡང་ བོད་ཀྱི་རྫ་ཆུ་དང༌། རྒྱལ་མོ་རྔུལ་ཆུ་གཙང་པོ་གཉིས་ཀྱི་ཐོག་ཆུ་མཛོད་བརྒྱབ་པའམ། ཡང་ན་གཙང་ཆུའི་ཁ་ཕྱོགས་འགྱུར་གྱི་ཡོད་པའི་དྭོགས་གཞི་བྱུང་སྟེ། དོན་རྐྱེན་དེ་དག་གི་ཐད་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་དང་རྒྱ་ནག་དབར་ལམ་གླེང་གི་རྩོད་རྙོག་ཡང་ཐེངས་མང་བྱུང་ཡོད་རེད་ཅེས་བཀོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org