ལིའུ་ཞོ་པོ་ཡི་སྐུ་གཟུགས་གནས་སྟངས་ཛ་དྲག་ངང་ཡོད་འདུག
སྐུ་ཞབས་ལིའུ་ཞོ་པོ་ཡི་སྐུ་ཚེ་རྫོགས་ལ་ཉེ་ཞིང་སྨན་པས་གཤིན་པོའི་རྗེས་འཛིན་ལ་གྲ་སྒྲིག་བྱོས་ཞེས་ཁོང་གི་ནང་མི་ལ་བརྡ་བརྒྱབས་ཡོད་འདུག
-
2017-07-07 -
-
-
དེ་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོའི་དུས་མཇུག་མཆིན་པའི་འབྲས་སྐྲན་སྨན་བཅོས་བྱེད་སའི་སྨན་ཁང་གིས་སྤྱི་ཚེས་༦་ཉིན་ལིའུ་ཞོ་པོའི་ནད་གཞི་ཇེ་ངན་ཇེ་སྡུག་ཏུ་གྱུར་ཚུལ་གསལ་བསྒྲགས་སྤེལ་འདུག
ལིའུ་ཞོ་པོ་ཡོད་སའི་རྒྱ་ནག་ཧྲིན་ཡང་གསོ་རིག་ཚན་ཁག་ཡན་ལག་སྨན་ཁང་དང་པོས་སྤྱི་ཚེས་༦་ཉིན་གྱི་ལིའུ་ཞོ་པོའི་ནད་གཞི་ཇེ་སྡུག་ཏུ་སོང་བའི་སྙན་ཐོའི་ནང་། ལིའུ་ཞོ་པོའི་གྲོད་ཁོག་ཏུ་བསགས་པའི་ཆུ་ཇེ་མང་དུ་སོང་ཡོད་པ་དང་། མཆིན་པའི་ནུས་པ་ཇེ་ཞན་དུ་སོང་སྟབས་ནད་གཞི་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱལ་ཡོངས་ཆེད་མཁས་སྨན་པས་ཚེས་༥་ཉིན་ལིའུ་ཞོ་པོ་ལ་མཉམ་བསྡུས་ནད་དཔྱད་བྱས་པའི་སྤྱི་བསྡོམས་ནི་ནད་པ་དུས་མཇུག་མཆིན་པའི་འབྲས་སྐྲན་བྱུང་བར་ཡང་བསྐྱར་ངོས་འཛིན་བྱས་པ་དང་ཆབས་ཅིག་ཚེ་སྲོག་འཛིན་སླད་དུ་སྨན་བཅོས་བྱེད་རྒྱུ་ལས། མཆིན་པའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་(Sorafini)་དང་རྒྱ་ནག་གི་ཀྲུང་ལུགས་སྨན་རིགས་མཚམས་འཇོག་བྱེད་རྒྱུའི་བསམ་འཆར་བཏོན་ཡོད་འདུག
དེ་མིན་རོ་ཡེ་ཊིརསི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐུ་ཞབས་ལེའུ་ཞོ་པོ་ཡི་ནད་གཞིའི་ཐད་དོ་སྣང་དང་ཐུགས་ཁུར་ཆེན་པོ་གནང་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་འགན་འཛིན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཤིག་སྐུ་ཞབས་ལིའུ་ཞོ་པོ་དང་ཁོང་གི་བཟའ་ཟླ་གཉིས་ལ་མཇལ་འཕྲད་ཆོག་པའི་ཆོག་མཆན་གནང་རོགས་ཞེས་རེ་འདུན་ཞུས་ཡོད་ཀྱང་། ད་བར་དུ་རྒྱ་ནག་གཞུང་གི་ལན་བཏབ་མེད་པ་རེད།
རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཞོ་པོ་ཕྱིའི་རྒྱལ་ཁབ་ཏུ་ཕྱིན་ནས་སྨན་བཅོས་བྱེད་རྒྱུའི་རེ་འདུན་ལ་མོས་མཐུན་བྱས་མེད་ཀྱང་། རེས་གཟའ་ཕུར་བུ་ཉིན་འཇར་མིན་དང་ཨ་རིའི་ཆེད་མཁས་སྨན་པས་ལིའུ་ཞོ་པོ་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན་ལིའུ་ཞོ་པོ་ལ་སྨན་བཅོས་བྱེད་མཚམས་བཞག་པའི་གནས་ཚུལ་ཐོན་པའི་ཐད། ལིའུ་ཞོ་པོ་ཡི་ནུ་བོ་ལིའུ་ཧྭས་ཡིས་གསལ་བསྒྲགས་སྤེལ་ནས་སྨན་བཅོས་མཚམས་བཞག་པ་མིན་ལ། ལིའུ་ཞོ་པོའི་ནད་གཞི་ཇེ་སྡུག་ཏུ་སོང་སྟབས། ཆེད་མཁས་སྨན་པས་མཉམ་བསྡུས་ནད་དཔྱད་བྱས་ཏེ་སྨན་བཅོས་བྱེད་ཐབས་ལ་འགྱུར་བ་བཏང་བ་དང་། ང་ཚོས་བསམ་འཆར་དེར་མོས་མཐུན་བྱས་ཡོད་ཅེས་གསལ་བཤད་གནང་འདུག
ད་ལྟ་དགུང་ལོ་ ༦༡ ཡིན་པའི་སྐུ་ཞབས་ལིའུ་ཞོ་པོ་ནི་འཛམ་གླིང་ནོ་བེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ཐོག་མ་དེ་ཡིན་ཡང་། སྤྱི་ལོ ༢༠༠༩ ལོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ཉེས་མིང་བཙུགས་ནས་ལོ ༡༡ གི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། ཉེ་ལམ་ཁོང་ལ་མཆིན་པའི་འབྲས་ནད་བྱུང་ནས་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།