བཙན་བྱོལ་བོད་མིའི་ལག་ཤེས་སྦྱོར་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ།

རྒྱ་བལ་གཉིས་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོར་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བཞིན་འདུག

བཙན་བྱོལ་བོད་མིའི་ལག་ཤེས་སྦྱོར་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོའི་སྐབས། ༢༠༡༨།༥།༡༡ tibet.net

རྒྱ་བལ་གཉིས་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོར་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བཞིན་འདུག
དེ་ཡང་བཙན་བྱོལ་ནང་གཞིས་ཆགས་སྲ་བརྟན་ཡོང་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་བཟོ་ལས་ལག་ཤེས་ཀྱི་སྡེ་ཚན་གསར་འཛུགས་དང་སྔར་ཡོད་རྣམས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཆགས་ཡོད་སྟབས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོར་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་རེད།   དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་འདི་ནི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་དགོངས་དོན་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་པ་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་བོད་མི་ཚོས་སྔར་ཡོད་འཆར་ཅན་གྱི་ལག་ཤེས་དེ་ཚོ་ལ་མགོ་འཁོར་ནས་མ་བསྡད་པར་དུས་དང་འཚམ་པའི་ལག་ཤེས་རིགས་ལ་སློབ་སྦྱོང་བྱེད་དགོས་པ་གསུངས་འདུག་ལ།  ད་དུང་ཁོང་གིས་མི་རིགས་ཤིག་ལ་ཤེས་ཡོན་སློབ་སྦྱོང་དང་སྙིང་སྟོབས་ཡོད་ན་དཀའ་ངལ་ཚང་མ་ལས་རྣམ་པར་རྒྱལ་ཐུབ་རྒྱུ་དང་། བོད་མི་ཚོས་དཔེར་ན་ཨིསྀ་རལ་གྱི་ཇིའུ་མི་རིགས་དེ་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་དཔེ་བལྟ་དགོས་ཅེས་གསུངས་འདུག
ལྷག་པར་དུ་ནང་སྲིད་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་ཞན་ཆ་ཆེ་ཤོས་ཤིག་ནི་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་ཡོད་པ་དང་། དེ་བཞིན་སྦྱོང་བརྡར་ཁང་དེ་ཚོ་ནས་དཔེར་ན་སྦྱོང་བརྡར་ཐོན་མཁན་མི་བརྒྱ་ཙམ་ཡོང་གི་ཡོད་ནའང་། སྦྱོང་བརྡར་ཐོན་རྗེས་ལས་ཀ་ག་རེ་བྱེད་བཞིན་ཡོད་མེད་དང་། ལས་ཀ་རག་མཁན་ག་ཚོད་ཡོད་མེད། སྦྱོང་བརྡར་དང་མཐུན་པའི་ལས་ཀ་བྱེད་ཀྱི་མེད་པ་སོགས་ཀྱི་གནས་ལུགས་གསལ་བཤད་གནང་ཡོད་པ་རེད།
ད་ཐེངས་ཀྱི་ཉིན་གཉིས་རིང་གི་ཚོགས་འདུ་དེའི་ཐོག  ལག་ཤེས་སྦྱོང་བརྡར་ཁང་མིང་དོན་མཚུངས་པ་དང་ལས་གཞི་སྤེལ་ཕྱོགས་ཚགས་ཚུད་ནུས་ལྡན་ཡོང་ཐབས་དང་། སྦྱོང་བརྡར་ཁང་དབར་མཉམ་རུབ་ཐོག་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ནས་ལས་ཤུགས་གོང་འཕེལ་གྱི་སྲིད་བྱུས་ལམ་སྟོན་ཞིག་གཏན་འབེབས་གནང་ཕྱོགས་ས་བོན་དགོངས་འཆར་ཡོང་ཐབས། གསུམ་པ། སྦྱོང་བརྡར་སློབ་སྦྱོང་ཐོན་རྗེས་རང་ཁ་རང་གསོ་ཡོང་སླད་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ནང་མཉམ་ཞུགས་ཀྱིས་ཚོང་ལས་སྤེལ་ཕྱོགས།
བཞི་པ། ན་གཞོན་སྦྱོང་བརྡར་ཐོན་པ་རྣམས་རང་ཁ་རང་གསོ་དང་། ནུས་ལྡན། ས་གནས་སོ་སོར་རྒྱུན་གནས་ཐུབ་པ་བཟོ་ཐབས་བཅས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་རེད་འདུག
ཐེངས་འདིའི་ཚོགས་འདུ་ཐོག་རྒྱ་གར་དང་བལ་ཡུལ་ནས་བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་བཅུ་གཅིག་ནས་འགན་འཛིན་སོགས་ཁྱོན་མི་གྲངས་ ༡༨ མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org