ཆབ་སྲིད་དང་འབྲེལ་བའི་ཟབ་སྦྱོང་།
འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས། སྤྱི་མཐུན་སྲིད་གཞུང་ལམ་ལུགས་བཅས་ཀྱི་སྐོར་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བཞག།
-
2013-04-17 -
-
-
༄༅། །ཟླ་བ་འདིའི་ཚེས་༡༥ནས་༡༩བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་Bolzano འི་ཡོ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་གཉིས་ཟུང་འབྲེལ་ཐོག་ནས་ཉམས་ཞིབ་པ་དང༌། ལས་བྱེད། སློབ་ཕྲུག་བཅས་ལ་འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས། སྤྱི་མཐུན་སྲིད་གཞུང་ལམ་ལུགས་བཅས་ཀྱི་སྐོར་ཟབ་སྦྱོང་ཞིག་ལྡི་ལིའི་ནང་དབུ་འཛུགས་གནང་བཞག། གོང་ཞུས་ཟབ་སྦྱོང་དེ་བཞིན་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་གནང་བཞིན་ཡོད་པ་ལྟར། ཟབ་སྦྱོང་དེའི་ཐོག་ཨིན་ཡུལ་གྱི་Middlesex གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་Joshua Castellino དང༌། ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་Dr. Fernand de Varennes། Bolzanoའི་ཡོ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་གི་གྲངས་ཉུང་མི་རིགས་ཐོབ་ཐང་ལྷན་ཁང་གི་ཉམས་ཞིབ་པ་Sergiu Constantin དང་ Jawaharlal Nehru གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་Asha Sarangi བཅས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཆེད་ལས་པ་དང༌། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཉམས་ཞིབ་པ། དྷ་ས་རིག་ལམ་སློབ་གྲྭའི་དགེ་འདུན་སློབ་གཉེར་བ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་འཐུས་མི། Jawaharlal Nehru གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་བཅས་ཁྱོན་མི་གྲངས་༢༤མཉམ་ཞུགས་གནང་ཡོད་པ་རེད།།