འཛམ་གླིང་འདིའི་ནང་བྱམས་དང་བརྩེ་བའི་སློབ་གསོ་མཁོ།

འཛམ་གླིང་འདིའི་ནང་བྱམས་དང་བརྩེ་བའི་སློབ་གསོ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་འདུག

༧གོང་ས་མཆོག་རྒྱ་གར་གྱི་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་གྱི་ཚོགས་མགོན་དུ་ཕེབས་པ། ༢༠༡༧།༣།༡༩ OHHDL

འཛམ་གླིང་འདིའི་ནང་བྱམས་དང་བརྩེ་བའི་སློབ་གསོ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
འདི་ཚེས་༡༩་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་Bhopal གྲོང་ཁྱེར་ནང་དུ་གཞུང་འཛིན་BJPཚོགས་པའི་བློན་ཆེན་ཁག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་དཔོན་རིགས་ཚོར་འཛམ་གླིང་ནང་ཕྱིའི་དངོས་པོའི་ཐད་ལ་གལ་གནད་ཆེ་བ་རྩིས་པ་ལས་བྱམས་དང་བརྩེ་བའི་སློབ་གསོ་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་ནི་Art of Happiness འམ་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་Madhya Pradesh མངའ་སྡེའི་རྒྱལ་ས་Bhopal དུ་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་ཚོགས་ཁང་གི་སྡིངས་ཆའི་སྟེང་དུ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་Sitasharan Sharma དང་། དཔལ་འབྱོར་བློན་ཆེན་Jayant Malaiya དེ་བཞིན་མཉམ་སྦྲེལ་བློན་ཆེན་Vishwas Sarang བཅས་མཉམ་ཞུགས་གནང་ཡོད་པ་རེད།
དེ་བཞིན་ལྷན་ཚོགས་དེིའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་དཔོན་རིགས་མང་པོ་ཞིག་དང་། ནང་པའི་མཁས་དབང་། སློབ་ཕྲུག་མང་པོ་ཞིག་འདུ་འཛོམས་ཐོག་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་དུས་ཀྱི་སློབ་གསོ་དེ་ནི་གཙོ་བོ་ཕྱིའི་དངོས་པོར་གཞི་འཛིན་བཞིན་ཡོད་པ་རེད། ཡིན་ནའང་དངོས་པོས་བདེ་སྐྱིད་ཀྱི་སྤྱི་ཚོགས་ཞིག་བསྐྲུན་ཐབས་ལ་ཕན་ཐོགས་ཡོད་མེད་ཀྱི་ཐད་རང་རང་གིས་དྲི་བ་གཏོང་དགོས་པ་ཞིག་ཆགས་འདུག་ཅེས་བཀའ་གནང་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Madhya Pradesh སྲིད་གཞུང་ལ་མ་འོངས་འགོ་ཁྲིད་གསོ་སྐྱོང་བྱེད་སའི་སྔོན་འགྲོའི་སློབ་གྲྭ་གཙོས་པའི་སློབ་གྲྭ་ཆེ་ཆུང་ཁག་སོ་སོའི་ནང་དུ། སྤྱི་ཁྱབ་ཀྱི་རིན་ཐང་དང་། ཀུན་སྤྱོད་སྐོར་ལ་སློབ་གསོ་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
དེ་བཞིན་ཉིན་དེར་༧གོང་ས་མཆོག་རྒྱ་གར་གྱི་ Madhya Pradesh མངའ་སྡེའི་དེ་བ་སིའི་རྫོང་གི་ཏར་ནལ་གྲོང་ཚོའི་ནང་ཆིབས་བསྒྱུར་བསྐྱངས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Shivraj Singhམཆོག་དང་མཇལ་འཕྲད་གནང་པ་མ་ཟད། ཁུལ་དེའི་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་གྱི་ཚོགས་མགོན་དུ་གདན་ཞུ་ཞུས་པ་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་འདུག
༧གོང་ས་མཆོག་གིས་བཀའ་གནང་དོན། རྒྱ་གར་སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་གྲོང་ཁྱེར་ཆེ་ཁག་དེ་ཚོ་ལས་སྔོན་ལ་གྲོང་གསེབ་ས་ཁུལ་ཁག་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ཡུལ་གྱི་དཔལ་འབྱོར་ལམ་ལུགས་འདི་གཙོ་ཆེ་ཞིང་པའི་ཐོན་སྐྱེད་ལ་བརྟེན་པ་ཞིག་ཡིན་སྟབས་སོ་ནམ་པའི་གྲོང་གསེབ་ཀྱི་ས་ཁུལ་ཡར་རྒྱས་བཏང་ནས་སྤྱི་ཡོངས་རྒྱ་གར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གྲོང་གསེབ་ས་ཁུལ་ཁག་ཏུ་གཙོ་ཆེ་འཕྲོད་བསྟེན་དང་ཤེས་ཡོན་སོགས་གཞི་རིམ་མཐུན་རྐྱེན་གྱི་གནས་སྟངས་ཐད་ཤུགས་རྒྱག་དགོས་པ་དང་། གྲོང་གསེབ་ས་ཁུལ་ཁག་ཏུ་དགོས་ངེས་གཞི་རིམ་གྱི་ཆ་རྐྱེན་དེ་དག་མཐུན་འགྱུར་སྦྱར་ཏེ་རྒྱ་གར་སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་ལས་གཞན་ཐབས་ལམ་མེད་ཅེས་དང་། གཞན་ཡང་བུད་མེད་རྣམས་ལ་སྤྱི་ཚོགས་ཀྱི་ལས་གཞི་འདྲ་མིན་ནང་མཉམ་ཞུགས་ཀྱི་གོ་སྐབས་གནང་དགོས་པའི་སྐོར་ལའང་བཀའ་སྩལ་འདུག
༧གོང་ས་མཆོག་གིས་བཀའ་གནང་དོན། བུད་མེད་རྣམས་སེམས་ཆུང་དང་བྱམས་བརྩེ་ལྡན་པ་ཡིན་པར་བརྟེན་བུད་མེད་ཚོས་འགན་མང་ཙམ་རྐང་ལེན་བྱས་པ་ཡིན་ན་འཛམ་གླིང་འདི་བཞིན་གནས་བབ་གང་ཅིའི་ཐད་ནས་ཡག་ཏུ་འགྲོ་ཡི་རེད་ཅེས་དང་། ཡང་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་དང་འབྲེལ་བའི་སྐོར་ལ་༧གོང་ས་མཆོག་གིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཐོག་ལས་འགུལ་འདི་འདྲ་སྤེལ་གནང་བ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་བཞིན་པ་འདིའི་ཐོག་མང་ཚོགས་རྣམས་ཀྱིས་ཆ་ཤས་བླངས་ནས་ལས་འགུལ་འདི་ལམ་ལྷོངས་ལྡན་པ་ཞིག་ཡོང་ཐུབ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཕ་མེས་ཚོ་འཛམ་གླིང་འདིའི་སྒང་འཚོ་སྡོད་བྱས་པ་ལྟར་ང་ཚོ་ཡང་ད་ལྟ་གོ་ལ་འདིའི་སྟེང་འཚོ་དགོས་པ་དང་། འབྱུང་འགྱུར་གྱི་མི་རབས་ཚོ་ཡང་གོ་ལ་འདིའི་ཐོག་མུ་མཐུད་འཚོ་གནས་བྱེད་དགོས་པ་ལས་འདེམས་ཀ་གཞན་མེད། དེར་བརྟེན་ང་ཚོས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་ས་ཆུ་བདག་གཅེས་བྱས་པ་བརྒྱུད་ཤིང་སྣ་གང་མང་འདེབས་འཛུགས་བྱ་རྒྱུ་སོགས་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་ཅེས་བཀའ་བསྩལ་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། རིག་ལྡན་སྒྲོལ་མ། དབྱངས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org